༄༅། །ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་དྲུང་ཆེ་ཚེ་རིང་མཚོ་མོ་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༤ ནས་༧ བར་སི་ཀོ་ཊི་ལེན་ཌིའི་ས་གནས་གྷི་ལཱ་སི་གོ་གྲོང་ཁྱེར་དུ་འཚོགས་བཞིན་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ (COP26) པའི་ཐོག་མཉམ་ཞུགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་གི་གལ་གནད་སྐོར་ཞུ་གཏུག་དང་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Cross Party Group For Tibet in the Scottish Parliament) ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཡོད།
དེ་ཡང་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་དྲུང་ཆེ་ཚེ་རིང་མཚོ་མོ་ལགས་རྣམ་གཉིས་ཀྱིས་གསར་དུ་བསྐྱར་འཛུགས་གནང་བའི་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གསར་པ་སྐུ་ཞབས་ཨེ་ལེ་ཛན་ཌར་ཁོ་ལེ་(Alexander Cole-Hamilton)མཆོག་དང་མཇལ་འཕྲད་ཀྱིས་སྐུ་ཞབས་ཨེ་ལེ་ཛན་ཌར་ཁོ་ལེ་མཆོག་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་དང་སྐད་ཡིག་རང་དབང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། བོད་མཐོ་སྒང་གི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་ཡོད་པ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་རྗེས་བོད་དོན་སླད་དུ་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་པར་སྐུ་ཞབས་ཨེ་ལེ་ཛན་ཌར་ཁོ་ལེ་མཆོག་གིས་བོད་དོན་ཆེད་དུ་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་བ་མ་ཟད། བོད་ཀྱི་གནད་དོན་སྐོར་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་ནང་བགྲོ་གླེང་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སོགས་ཀྱི་སྐོར་གསུངས།ཕྱི་ཚེས་༥ ཉིན་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ པའི་ཐོག་མཉམ་ཞུགས་གནང་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ པའི་འགན་འཛིན་ཨ་ལོཀ་ཤར་མ་(Alok Sharma)ལགས་དང་འགན་འཛིན་གཞོན་པ་ཨལ་གྷོ་རེ་(Al Gore)ལགས་སོགས་ཀྱིས་གཙོས་གསུང་བཤད་གནང་མཁན་གྲས་རྒྱལ་སྤྱིའི་དབུ་ཁྲིད་ཁག་གཅིག་དང་ལྷན་མཉམ་ཞུགས་གནང་ཡོད། ཕྱི་ཚེས་ ༦ ཉིན་ཕར་སི་བསོད་ནམས་ཚེ་རིང་ལགས་དང་དྲུང་ཆེ་ཚེ་རིང་མཚོ་མོ་ལགས་རྣམ་གཉིས་བོད་ཀྱི་ཁོར་ཡུག་ཞུ་གཏུག་ལས་འགུལ་རུ་ཁག་དང་། ཨིན་ཡུལ་བོད་རིགས་ཚོགས་པའི་ཚོགས་མི་རྣམ་པ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་ཁོར་ཡུག་ལས་འགུལ་བ་གྲངས་༡༠༠༠༠༠ ལྷག་དང་ལྷན་དུ་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་སྐོར་གོ་རྟོགས་སྤེལ་ཡོད་པ་དང་། ཕྱི་ཚེས་ ༧ ཉིན་སི་ཀོ་ཊི་ལེན་ཌིའི་ལྗང་ཁུ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་རོ་སི་ཇོན་གྷི་རེར་(Ross John Greer)མཆོག་དང་སི་ཀོ་ཊི་ལེན་ཌིའི་ངལ་རྩོལ་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་མར་སི་ཌེ་སི་(Mercedes Villalba)མཆོག་དང་ལྷན་མཇལ་འཕྲད་ཀྱིས་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་ནང་བོད་དོན་ཇི་ལྟར་གླེང་སློང་གནང་དགོས་པའི་སྐོར་གསུངས་ཡོད།གཞན་ཡང་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་དང་དྲུང་ཆེ་ཚེ་རིང་མཚོ་མོ་ལགས་རྣམ་གཉིས་ཀྱིས་སི་ཀོ་ཊི་ལེན་ཌིའི་གྲོས་ཚོགས་འཐུས་རྣམས་ལ་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Dr. Michael van Walt van Praag) མཆོག་གིས་བརྩམས་པའི་ཕྱི་ལོ་ ༢༠༢༠ ལོའི་བོད་ཀྱི་གནས་ཚུལ་གནད་བསྡུས་ (The Tibet Brief 20/20) ཞེས་པའི་དཔེ་དེབ་དང་ཨིན་ཡུལ་དོན་ཁང་གིས་པར་སྐྲུན་གནང་བའི་ཁོར་ཡུག་སྐོར་གྱི་དཔེ་དེབ་རེ་ཕུལ་ཡོད་པ་བཅས།།