༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་༡༤ ཉིན་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་དང་ཨིན་ཡུལ་བོད་རིགས་ཚོགས་པ་གཉིས་ཀྱིས་ས་གནས་བོད་པའི་སློབ་ཕྲུག་དང་གཞོན་སྐྱེས་རྣམས་ཀྱི་ཆེད་དུ་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་སྐོར་ངོ་སྤྲོད་ཀྱི་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་གནང་ཡོད། དེ་ཡང་གཏམ་བཤད་ལས་རིམ་གྱི་ཐོག་མར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་ཚེ་རིང་མཚོ་མོ་ལགས་ཀྱིས་ས་གནས་ཀྱི་བོད་པའི་གཞོན་སྐྱེས་རྣམས་ལ་བོད་མཐོ་སྒང་གི་ཁོར་ཡུག་གི་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་ཀྱིས་བོད་མཐོ་སྒང་གི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་གལ་གནད་སྐོར་གསུངས།དེ་རྗེས་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤི་ཡའི་ས་གནས་འབྲེལ་མཐུད་པ་དང་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ (COP26) དེ་བཞིན་སི་ཀོ་ཊི་ལེན་ཌིའི་ས་གནས་གྷི་ལཱ་སི་གོ་གྲོང་ཁྱེར་དུ་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༣༡ ནས་ ཟླ་ ༡༡ ཚེས་༡༢ བར་འཚོགས་བཞིན་པའི་སྐབས་བོད་ཀྱི་ཁོར་ཡུག་དང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སྐོར་ཞུ་གཏུག་གནང་བ་སོགས་ཀྱི་སྐོར་གསུངས། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་པདྨ་སྒྲོལ་མ་ལགས་ཀྱིས་བོད་པའི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་ཁོར་ཡུག་སྐོར་ལས་འགུལ་གང་མང་སྤེལ་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་ཆོས་སྐྱིད་ལགས་ཀྱིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱིའི་སྐོར་གསུངས། ཐེངས་འདིའི་བོད་ཀྱི་ཁོར་ཡུག་དང་འབྲེལ་བའི་གཏམ་བཤད་ལས་རིམ་ཐོག་ས་གནས་བོད་པའི་གཞོན་སྐྱེས་ཁག་གཅིག་ཕེབས་ཡོད་པ་མ་ཟད། དྲི་བ་དྲིས་ལན་ཡང་ལྷུག་པོ་གནང་ཡོད། མཐར་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ཁ་བཏགས་རེ་ཕུལ་གནང་ཡོད།
ཨིན་ཡུལ་སྐུ་ཚབ་དོན་གཅོད་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་དང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤི་ཡའི་ས་གནས་འབྲེལ་མཐུད་པ་དང་ཁོར་ཡུག་ཉམས་ཞིབ་པ་འབུམ་རམས་པ་བློ་བཟང་དབྱངས་མཚོ་ལགས། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་ཆོས་སྐྱིད་ལགས་བཅས་ལ་ཨིན་ཡུལ་གྱི་གཙུག་ལག་སློབ་གཉེར་ཁང་གྲགས་ཅན་ཨོ་ཀི་སི་ཧྥོར་ཌི་གཙུག་ལག་སློབ་གཉེར་ཁང་(University of Oxford) དང་། ཝེ་སི་ཊི་མིན་སི་ཊར་གཙུག་ལག་སློབ་གཉེར་ཁང་། (University of Westminster) ཤར་ཨན་གྷི་ལི་ཡ་གཙུག་ལག་སློབ་གཉེར་ཁང་(University of East Anglia)བཅས་ཀྱི་ནང་གཏམ་བཤད་ཀྱི་ལས་རིམ་ཞིག་ཀྱང་གོ་སྒྲིག་གནང་ཡོད་པ་བཅས།།