༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དབུས་གཞུང་ནང་སྲིད་ལས་ཁུངས་ཀྱི་རྒྱལ་ཡོངས་གོད་ཆག་ཉེན་སྐྱོབ་ལྷན་ཁང་(the National Institute of Disaster Management, MHA, GOI.)གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དྲ་ལམ་བརྒྱུད་སྙིང་རྗེ་དང་བརྩེ་བ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་བརྒྱད་དང་སྐར་མ་བཞི་བཅུ་ཙམ་ལ་རྡ་རམ་ས་ལའི་བཞུགས་སྒར་ཕོ་བྲང་གི་གཟིམ་ཆུང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་རྒྱ་གར་རྒྱལ་ཡོངས་གོད་ཆག་ཉེན་སྐྱོབ་ཀྱི་ལས་དོན་འགན་འཛིན་དམག་དཔོན་མ་ནོཇ་ ཀུ་མཱར་ བིན་དཱལ། (Maj.Gen.Manoj Kumar Bindal) ལགས་ཀྱིས་འཚམ་འདྲི་དང་འབྲེལ་རྒྱ་གར་དབུས་གཞུང་གི་ལས་འཆར་འདིའི་ཁུངས་སུ་ཞུགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱ་གར་ལ་ཕྱི་ལོ་ ༡༩༥༩ ལོར་ཆིབས་བསྒྱུར་བསྐྱངས་པ་ནས་རྒྱ་གར་གྱི་སྐུ་མགྲོན་རྒྱུན་རིང་ཤོས་ཤིག་ཆགས་ཡོད་པ་དང་། མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རིགས་སྲས་ཤིག་ཡིན་པ་བཀའ་གནང་གི་ཡོད། དེ་ནི་ང་ཚོ་རྒྱ་གར་བ་ཚང་མས་སྤོབས་པ་བྱེད་དགོས་པ་དང་དགའ་སྤྲོ་བྱེད་འོས་པ་ཞིག་ཆགས་ཀྱི་ཡོད། སྤྱིར་བཏང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་དང་རྒྱལ་ཁབ་གཞན་གང་དུ་ཕེབས་པ་ཡིན་ནའང་གོ་ལ་སྤྱི་ལ་ཁྱབ་པའི་སེམས་ཁུར་ལེན་རྒྱུའི་སྐོར་བཀའ་སློབ་གནང་གི་ཡོད། ལྷག་པར་དུ་བྱམས་སྙིང་རྗེ་ནི་གོ་ལ་ཡོངས་དང་སྤྱི་ཚོགས། མི་སྒེར་ཚང་མར་བདེ་སྐྱིད་ཡོང་བའི་ཆེད་དུ་གལ་ཆེན་པོ་ཡིན་པ་བཀའ་གནང་གི་ཡོད། བྱམས་སྙིང་རྗེ་ནི་སྙིང་སྟོབས་མི་ཞུམ་པ་དང་དཀའ་ངལ་ལ་གདོང་ལེན། ནང་གི་ཞི་བདེ་ཡོང་བའི་ཆེད་དུ་གལ་ཆེན་ཡིན་པ་བཀའ་གནང་གི་ཡོད། ཅེས་སོགས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགན་ཁུར་བཞི་ངོ་སྤྲོད་གནང་རྗེས། ང་ཚོའི་ལས་ཁུངས་འདི་ནི་རྐྱེན་ངན་གོད་ཆག་ལ་གདོང་ལེན་བྱེད་པའི་ལས་ཁུངས་ཤིག་ཡིན་པ་དང་། འདི་ལ་དབུས་དང་ས་གནས་སོ་སོར་ལས་ཁུངས་ཡོད་པ་ཞིག་ཡིན་ཞེས་སོགས་ངོ་སྤྲོད་གྲུབ་རྗེས་༸གོང་ས་མཆོག་གིས་ནཱ་མ་སི་དཱེ་(Namaste)ཞེས་རྒྱ་གར་སྐད་དང་། བོད་སྐད་དུ་བཀྲ་ཤིས་བདེ་ལེགས་ཞེས་འཚམས་འདྲི་གནང་རྗེས་བཀའ་སློབ་སྩལ་དོན།རྒྱ་གར་དང་བོད་གཉིས་ནི་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། དུས་རབས་བདུན་པའི་སྐབས་སུ་བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་བཙུན་མོར་བཞེས་ནས་རྒྱ་ནག་གི་གོང་མ་དང་འབྲེལ་ཆེན་པོ་བྱུང་བ་རེད། ཡིན་ནའང་། སྐབས་རེར་ངོས་ཀྱིས་རྩེད་མོ་དང་སྦྲགས་ནས་བཙན་པོ་སྲོང་བཙན་སྒམ་པོས་རྒྱ་ནག་གི་གསོལ་ཚིགས་ལ་མཉེས་པོ་དང་། རྒྱ་ནག་གི་སྲས་མོའི་ཞལ་རས་ཀྱིས་ཡིད་དབང་འཕྲོག་པོ་བྱུང་ཡོད་ནའང་། རྒྱ་ནག་གི་ཡི་གེ་ཧ་ཅང་རྙོག་དྲ་ཆེན་པོར་གཟིགས་པས་རྒྱ་ནག་གི་རྒྱ་ཡིག་སྦྱོང་བའི་ཚབ་ཏུ་བོད་རང་གི་སྐད་འགྲོས་དང་མཐུན་པའི་ཡི་གེ་ཞིག་བཟོ་འདོད་བྱུང་བ་དང་། དེ་ཡང་རྒྱ་གར་གྱི་དེ་བ་ནཱ་ག་རི་(devanagari)ཟེར་བའི་ཡི་གེ་ལ་དཔེར་བླངས་ནས་བོད་ལ་དབྱངས་དང་གསལ་བྱེད་ཡོད་པའི་ཡི་གེ་གསར་གཏོད་གནང་བ་རེད། དུས་རབས་བདུན་པའི་བོད་ཀྱི་ཆོས་རྒྱལ་གྱིས་རྒྱ་གར་ལ་ཆེ་མཐོང་མཛད་ཡོད། སོ་སོ་སྒེར་གྱི་མི་ཚེའི་ནང་དུ་རྒྱ་ནག་གི་སྲས་མོ་བཙུན་མོར་བཞེས་ནའང་བོད་སྤྱིའི་དོན་དུ་རྒྱ་གར་ལ་དཔེར་བལྟས་ཡོད། ལོ་རྒྱུས་ཀྱི་ཐོག་ནས་རྒྱ་གར་ནི་གནས་རྩ་ཆེན་རེད་ཟེར་བ་ཙམ་མ་ཡིན་པར་སངས་རྒྱས་བསྟན་པའི་འབྱུང་ཁུངས་ཆགས་ཡོད། ལྷག་པར་དུ་སྟོན་པ་བཅོམ་ལྡན་འདས་རྒྱ་གར་ནས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཆོས་འཁོར་རྒྱ་ཆེན་པོར་བསྐོར་ཡོད།
སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་བའི་ནང་དུ་ལེགས་སྦྱར་གྱི་ཆོས་བརྒྱུད་གཅིག་དང་། པཱ་ལིའི་ཆོས་བརྒྱུད་གཅིག་བཅས་གཉིས་ཡོད། ཤྲི་ལངྒ་དང་ཐའེ་ལན། འབར་མ་སོགས་ནི་གཙོ་བོ་པཱ་ལིའི་སྐད་ལ་བརྟེན་ནས་ཆོས་ལ་སློབ་གཉེར་དང་ཉམས་ལེན་གནང་གི་ཡོད། དུས་རབས་བརྒྱད་པའི་ནང་དུ་ང་ཚོའི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་མཁན་ཆེན་ཞི་བ་འཚོ་བོད་ལ་གདན་ཞུ་གནང་བ་རེད། མཁན་ཆེན་ཞི་བ་འཚོ་བོད་ལ་ཕེབས་ནས་ཁྱོད་ཚོར་སོ་སོའི་སྐད་དང་མཐུན་པའི་ཡི་གེ་འདུག་པས་ལེགས་སྦྱར་གྱི་སྐད་སྦྱོང་མི་དགོས་པར་རྒྱལ་བའི་གསུང་རབ་དག་བོད་ཡིག་ཏུ་སྒྱུར་ཅེས་བཀའ་སློབ་གནང་བ་རེད། མཁས་པ་ཁ་ཤས་ཀྱིས་གསུངས་གསལ་ལ་མཁན་ཆེན་ཞི་བ་འཚོ་ཁོང་གིས་ཀྱང་བོད་ཡིག་སྦྱང་བ་རེད་ཟེར་གྱི་འདུག མཁན་ཆེན་ཞི་བ་འཚོའི་ལམ་སྟོན་ལྟར་དུས་རབས་རིམ་པར་བཀའ་བསྟན་འགྱུར་བོད་སྐད་དུ་བསྒྱུར་ཏེ་སངས་རྒྱས་ཀྱི་བཀའ་རང་ལ་བཀའ་འགྱུར་པོད་བརྒྱ་ལྷག་དང་། དེའི་འགྲེལ་བ་བསྟན་འགྱུར་རྒྱ་གར་གྱི་མཁས་གྲུབ་གོང་མ་ཚོས་མཛད་པ་དཔེར་ན་མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་སོགས་ཀྱིས་མཛད་པ་པོད་ཉིས་བརྒྱ་ཙམ་ཡོད་པ་རེད།མགོན་པོ་ཀླུ་སྒྲུབ་ཀྱིས་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་སྟངས་ནི་སངས་རྒྱས་རང་ཉིད་ཀྱི་གསུངས་ལའང་དཔྱད་པ་བྱེད་པ་ཞིག་དང་། དཔྱད་པ་བྱེད་པའི་གཞིའང་སངས་རྒྱས་ཀྱི་གསུངས་རང་གི་ནང་དུ་ངའི་བཀའ་ལ་ལེགས་པར་བརྟགས་ཏེ་སྲེག་བཅད་བརྡར་བའི་གསེར་བཞིན་དུ་ལེན་དགོས་པ་ལས། མ་བརྟགས་མ་དཔྱད་པར་ལེན་རྒྱུ་དང་གུས་བཀུར་བྱ་རྒྱུ་མིན་པར་བཀའ་སྩལ་ཡོད་པའི་གསུང་གི་གནང་བ་ལ་གཞི་བཅོལ་ནས་མགོན་པོ་ཀླུ་སྒྲུབ་རྗེས་འབྲངས་དང་བཅས་པས་སངས་རྒྱས་ཀྱི་གསུང་རབ་ལ་ཧ་ཅང་དཔྱད་པ་ཞིབ་མོ་གནང་ཡོད། རིམ་བཞིན་ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་རྒྱ་གར་ལ་ཚུགས་པ་རེད། ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ཁང་གི་ཆོས་བརྒྱུད་ཀྱི་འགྲོ་སྟངས་ལ་ཚད་མའི་གཞུང་གི་སྒོ་ནས་སློབ་སྦྱོང་བྱེད་རྒྱུ་ཧ་ཅང་ཤུགས་ཆེན་པོ་རེད། ཚད་མ་རིག་པ་ལ་བརྟེན་པ་ཧ་ཅང་དར་སྲོལ་ཆེན་པོ་རེད། མཁན་ཆེན་ཞི་བ་འཚོར་ཆ་གཞག་ན་ཧ་ཅང་རིགས་པ་སྨྲ་བ་ཆེན་པོ་རེད། ཁོང་གིས་མཛད་པའི་ལྟ་བའི་སྐོར་གྱི་གསུང་རབ་ཀྱང་ཡོད་པ་རེད། དེར་བརྟེན། ཁོང་གིས་གཏན་ལ་ཕབ་པའི་བོད་ཀྱི་ཆོས་བརྒྱུད་དེ་དཔྱད་པ་བྱེད་པར་ཧ་ཅང་རྩལ་འདོན་ཀྱིས་ཡིད་ཆེས་དང་རིགས་པ་གཉིས་ལས་རིགས་པ་གཙོ་བོར་བྱེད་པ་ངོས་རང་གི་ཉམས་མྱོང་ལའང་ཡོད། སངས་རྒྱས་རང་ཉིད་ཀྱི་གསུངས་ལའང་དཔྱད་པ་བྱས་ཏེ་རིགས་པས་དཔྱད་ནས་དངོས་ཡོད་དང་མི་མཐུན་པ་དང་རིགས་པ་དང་འགལ་ན་དྲང་དོན་དུ་འགྲེལ་བ་མ་གཏོགས་སྒྲ་ཅི་བཞིན་པར་ཁས་མི་ལེན། རྒྱ་གར་མཁས་པ་ལྟར་ང་ཚོ་བོད་པས་ཀྱང་གཅིག་མཚུངས་བྱེད་ཀྱི་ཡོད། དེར་བརྟེན། དད་པ་གཙོ་བོ་མིན་པར་རྒྱུ་མཚན་གཙོ་བོ་ཆགས་ཡོད།བོད་ཀྱི་ནང་ཆོས་ནི་ཉམས་ལེན་བྱེད་སྐབས་རྒྱུ་མཚན་ལ་བསམ་བློ་ཤུགས་ཆེན་པོ་གཏོང་དགོས་པས་ང་ཚོས་ཚད་མའི་གཞུང་ལ་སློབ་སྦྱོང་ཤུགས་ཆེན་པོ་བྱེད་ཀྱི་ཡོད། དེ་ནས་དབུ་མའི་གཞུང་ལྟ་བུར་ཆ་བཞག་ན་གཙོ་བོ་མགོན་པོ་སྒྲུབ་ཀྱི་དབུ་མའི་གཞུང་དང་། དེའི་འགྲེལ་བ་དཔལ་ལྡན་ཟླ་གྲགས་ཀྱིས་མཛད་པ་ཤུགས་ཆེར་སྦྱོང་གི་ཡོད། དཔལ་ལྡན་ཟླ་གྲགས་ནི་མཁས་པ་འགྲན་ཟླ་དང་བྲལ་བ་ཞིག་ཆགས་ཡོད་པ་དང་། ངོས་རང་ལ་མཚོན་ན་དཔལ་ལྡན་ཟླ་གྲགས་ཀྱི་དབུ་མ་འཇུག་པ་དང་། འཇུག་པ་རང་འགྲེལ་ལ་དུས་རྒྱུན་མཇལ་གྱི་ཡོད། ཅེས་སོགས་རིག་གཞུང་རྩ་ཆེན་པོ་འདིའི་འབྱུང་ཁུངས་རྒྱ་གར་ཆགས་ཡོད་ཀྱང་། དབྱིན་ཇིས་རྒྱ་གར་ལ་དབང་བསྒྱུར་བྱས་པ་ནས་དེང་རབས་ཤེས་ཡོན་ལུགས་རྐྱང་པ་ལས་གནའ་རབས་ཀྱི་རིག་གནས་ཉམས་ཡོད་པས་ད་ལྟ་བསྐྱར་གསོ་གནང་ཐུབ་པ་ཡིན་ན་ཤེས་བྱའི་སྒོ་བརྒྱ་འབྱེད་པ་དང་། དམིགས་བསལ་གྱིས་ཕན་ནུས་ཆེན་པོ་ཡོང་རྒྱུ་ཡིན་པ་དང་། དེ་ཡང་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་དག་ཏུ་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་བགྲོ་གླེང་གི་རྣམ་པས་བྱ་རྒྱུར་ངོས་རང་འདོད་པ་ཡོད་ཅེས་སོགས་བཀའ་སློབ་སྩལ་རྗེས། གོད་ཆག་ཆེན་པོ་བྱུང་བའི་སྐབས་སུ་བྱམས་དང་སྙིང་རྗེ་ཇི་ལྟར་གལ་ཆེན་པོ་ཡིན་པ་སོགས་དྲི་བ་རིམ་པར་ཕུལ་བ་རྣམས་ལ་བཀའ་ལན་སྩལ་ཡོད་པ་བཅས།།