༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༠ རེས་གཟའ་ལྷག་པ་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་ཕྱི་རྒྱལ་བའི་གསར་འགོད་ལྷན་ཚོགས་ (the Foreign Correspondents Club) དང་། ཉི་ཧོང་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་སེམས་བཟང་གི་བློ་སྦྱོང་ཚུལ་ (Cultivating a Good Heart )སྐོར་ལ་བཀའ་སློབ་དང་དྲི་བར་བཀའ་ལན་སྩལ་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་མཇལ་འཕྲད་ཁང་དུ་ཆིབས་བསྒྱུར་གྱིས་དྲ་ལམ་བརྒྱུད་མཉམ་ཞུགས་གནང་མཁན་རྣམས་ལ་ཕྱག་བརྡ་གནང་སྟེ་འཚམས་འདྲི་དང་འབྲེལ་བཞུགས་ཁྲིར་འཁོད་མཚམས་ཉི་ཧོང་གི་ཕྱི་རྒྱལ་བའི་གསར་འགོད་ལྷན་ཚོགས་ (the Foreign Correspondents Club of Japan) ཀྱི་ཚོགས་གཙོ་ལྕམ་སུ་བེནདརི་ནི་ཀ་ཀུ་ཆི། (Suvendrini Kakuchi) ལགས་ཀྱིས་ཕེབས་བསུའི་གསུང་བཤད་དང་། ༸གོང་ས་མཆོག་དྲ་ལམ་བརྒྱུད་ནས་མ་གཏོགས་དངོས་སུ་ཆིབས་བསྒྱུར་བསྐྱངས་མ་ཐུབ་པ་བློ་ཕམ་ཆེན་པོ་བྱུང་། ཡིན་ནའང་། དྲ་ལམ་བརྒྱུད་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་དང་བཀའ་མོལ་ཞུ་རྒྱུ་ཡིན། དེང་སང་ནད་ཡམས་ཀྱི་རྐྱེན་གྱིས་དཀའ་ངལ་མང་པོ་འཕྲད་བཞིན་པའི་གནས་སྟངས་ཤིག་ལ་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་ཞུ་རྒྱུ་ནི་ཧ་ཅང་སྐལ་བ་བཟང་པོ་ཡིན། ཞེས་སོགས་གསུང་བཤད་གནང་།དེ་ནས་ཉི་ཧོང་ནང་གི་ཕྱི་རྒྱལ་གསར་འགོད་ཚོགས་པའི་ཆེད་ལས་ལས་རིགས་ཚོགས་ཆུང་གི་ཕྱག་རོགས་ཚོགས་གཙོ་(Co-Chair or the professional Activities Committee if FCCJ)པིའོ་དེ་མི་ལིའོ་ (Pio d’Emilia) ལགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱུན་རིང་ཙམ་རྗེས་ནས་མཇལ་བ་ནི་ཧ་ཅང་དགའ་བོ་བྱུང་། ཞེས་དང་། དེང་ང་ཚོ་ཚང་མར་བསམ་བློ་ཡང་ཡང་འཁོར་བ་ནི་ནད་ཡམས་འདིའི་རྗེས་སུ་མི་རྣམས་ཀྱི་བསམ་བློ་གཏོང་ཕྱོགས་ཇི་འདྲ་ཡིན་པ་དང་། དཀའ་ངལ་གང་ཡིན་སོགས་ཡིན་པ་དང་། ཉེ་ཆར་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོར་ཡུག་སྐོར་གྱི་ཚོགས་འདུར་བཀའ་སླེབས་ཕེབས་པའི་ནང་དུ་དཀའ་ངལ་མཉམ་འབྲེལ་གྱིས་སེལ་དགོས་པ་མ་ཟད། དེ་ཡང་སེམས་པ་བཟང་པོའི་ཐོག་ནས་སེལ་དགོས་སྐོར་གསུངས་ཡོད་པ་རེད། གནས་ཚུལ་དེ་སོགས་དང་འབྲེལ་བའི་ཐོག་ནས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་སློབ་ལམ་སྟོན་གནང་རྒྱུ་ཡོད་ངེས་རེད། ཅེས་སོགས་གསུངས་པ་དང་སྦྲགས་༸གོང་ས་མཆོག་གིས་བཀའ་སློབ་གནང་རྒྱུའི་གསོལ་འདེབས་ཞུས་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།བྱམས་སྙིང་རྗེའམ་སེམས་པ་བཟང་པོ་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་གཤིས་ལ་རང་ཆས་སུ་ཡོད་པ་ཞིག་རེད། སེམས་ཅན་གྱི་རིགས་ཁ་ཤས་མའི་བྱམས་བརྩེས་བསྐྱངས་པ་མ་ཡིན་པ་དེ་འདྲ་ཡིན་ན་ཅུང་དམིགས་བསལ་རེད། དེ་མིན་འཛམ་གླིང་འདིར་སེམས་ཅན་ཕལ་མོ་ཆེ་མ་ལས་སྐྱེས་པ་ཤ་སྟག་ཆགས་ཡོད་པས་བརྩེ་བ་རང་གཤིས་སུ་ཡོད་པ་རེད། ཐོག་མར་བཙས་པ་ནས་བཟུང་མས་བརྩེ་བས་མ་བསྐྱངས་པ་ཡིན་ན་ཕལ་ཆེར་སྲོག་འཚོ་མི་ཐུབ་པ་ཞིག་རེད། སྐྱེས་པ་ནས་བཟུང་བྱམས་བརྩེས་བསྐྱངས་པ་ཆགས་ཡོད། ཚན་རིག་པ་ཁ་ཤས་ཀྱིས་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་གང་ཡིན་ནའང་རང་འཚོ་བ་དེ་གཞན་ལ་བརྟེན་ནས་འཚོ་དགོས་པ་རང་བཞིན་ཆགས་ཡོད་པ་བཤད་ཀྱི་ཡོད། ང་ཚོ་འགྲོ་བ་མི་ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་གྱི་ཆ་ཤས་ཆགས་ཡོད། མའི་མངལ་ལ་གནས་པའི་ཕྲུ་གུ་ཞིག་ཡིན་ནའང་ཨ་མའི་དགའ་སྐྱོ་སོགས་ཀྱི་བསམ་པའི་འགྱུ་བ་དེ་བྱིས་པའི་འབྱུང་འགྱུར་གྱི་བསམ་བློའི་གནས་སྟངས་དང་འབྲེལ་བ་ཏན་ཏན་ཡོད་པ་རེད། བྱམས་སྙིང་རྗེ་ནི་རང་ཉིད་འཚོ་བའི་གཞི་རྟེན་ཆགས་ཡོད་པས་དེ་ཆོས་ལུགས་དང་དམིགས་བསལ་གྱིས་འབྲེལ་བ་ཡོད་པ་མ་རེད།ང་ཚོ་སོ་སོའི་ཉམས་མྱོང་སྟེང་ནས་བཤད་ན་སྐྱེས་ནས་ལོ་ལྔ་དྲུག་གི་མཚམས་ལ་སོ་སོ་གང་དུ་སྡོད་པའི་ཁོར་ཡུག་ལ་སྐྱིད་སྣང་གི་ཚོར་བ་ཞིག་དགོས། གལ་སྲིད་ཁོར་ཡུག་གི་རྐྱེན་གྱིས་བྱིས་པར་འཛུམ་མདངས་མེད་པར་ཁོང་ཁྲོའི་རྣམ་པར་གནས་པ་ཡིན་ན་རང་བཞིན་གྱིས་ཟུར་དུ་ཕུད་འགྲོ་བ་ཆགས་ཀྱི་རེད། དེར་བརྟེན། རང་ཉིད་འཚོ་བ་དང་བདེ་སྐྱིད་ལྡན་པ་ཡོང་བར་གང་དུ་སྡོད་སའི་སྤྱི་ཚོགས་ལ་བརྟེན་ནས་ཡོང་གི་ཡོད་པས་རང་གཤིས་སུ་ཡོད་པའི་བྱམས་བརྩེ་དེ་གང་དུའང་དགོས་ཀྱི་ཡོད། འཛམ་གླིང་གི་ཆོས་ལུགས་ཆེ་ཁག་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་བྱམས་སྙིང་རྗེའི་སྐོར་གསུངས་པ་གཅིག་མཚུངས་ཡིན། ང་ཚོས་བསླབ་བྱ་དེ་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།གཞན་ཞིག་ནི་ཆོས་ཁས་མི་ལེན་མཁན་རྣམས་བྱམས་སྙིང་རྗེ་དང་འབྲེལ་བ་ཡོད་པ་རེད་དམ་ཞེས་དྲི་བ་ཞིག་སླེབས་ཡོང་གི་རེད། ཁོང་ཚོའི་མི་ཚེ་ཡང་འཚོ་དགོས་པ་དང་བརྩེ་བ་ལ་བརྟེན་དགོས་པ་བྱམས་སྙིང་རྗེ་དང་འབྲེལ་བ་ཆེན་པོ་ཡོད་པ་རེད། བྱམས་སྙིང་རྗེ་ནི་འཚོ་བ་དང་བདེ་སྐྱིད་ཀྱི་གཞི་རྟེན་ཆགས་ཀྱི་ཡོད། ངོས་རང་ལ་ས་ཕྱོགས་གང་སར་མི་རིགས་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ། ཡུལ་ལུང་མི་འདྲ་བ། ཆོས་ལུགས་མི་འདྲ་བའི་གྲོགས་པོ་གྲོགས་མོ་ཧ་ཅང་མང་པོ་ཡོད། ངོས་ཀྱིས་དེ་དག་ལ་དབྱེ་བ་རྩ་བ་ནས་བྱེད་ཀྱི་མེད། ཚང་མ་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད། ངོས་རང་ས་ཕྱོགས་གང་དུ་ཕྱིན་ནའང་མི་མང་པོས་འཛུམ་མདངས་དང་བརྩེ་བའི་རྣམ་འགྱུར་སྟོན་གྱི་འདུག གལ་སྲིད་ཏཱ་ལའི་བླ་མའི་ཞལ་རས་དེ་ཁྲོ་གཉེར་ཅན་ཞིག་ཡིན་ན་འདི་ལྟ་བུའི་གྲོགས་པོ་གྲོགས་མོ་མང་པོ་ཡོང་དཀའ། ངོས་ཀྱི་གདོང་ནི་འཛུམ་ཤིག་ཤིག་ཡིན་པས་ཆོས་དད་ཡོད་མེད་ཀྱི་ཁྱད་པར་མེད་པར་ངོས་རང་ལ་དགའ་མོས་བྱེད་ཀྱི་འདུག བྱམས་བརྩེ་ནི་སེམས་ཅན་ཡོངས་ལ་དབྱེ་བ་མེད་པར་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་བཀའ་སློབ་སྩལ་དང་དྲི་བ་ཁག་ལ་བཀའ་ལན་སྩལ་རྗེས་བསྐྱར་དུ་ཉི་ཧོང་གི་ཕྱི་རྒྱལ་བའི་གསར་འགོད་ལྷན་ཚོགས་ (the Foreign Correspondents Club of Japan) ཀྱི་ཆེ་མཐོང་ལྡན་པའི་ཚོགས་མིའི་ཕྱག་འཁྱེར་འབུལ་ལམ་ཞུས་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།