༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༤ རེས་གཟའ་ཕུར་བུའི་ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ་རྣམས་ལ་དྲ་ལམ་བརྒྱུད་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་གྱི་བཀའ་ཆོས་དང་དྲི་བར་བཀའ་ལན་སྩལ་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་མགོན་པོ་གང་ཉིད་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཞེས་གསུངས་ཡོད། གང་ལྟར་དངོས་ཡོད་གནས་ཚུལ་ལ་རྒྱ་གར་བྱང་རྒྱུད་ལ་ནཱ་ལེནྡྲ་ཤུགས་ཆེན་པོ་དར་བ་དང་། དེ་ནས་ཡར་བོད་དུ་སླེབས། བོད་ནས་ཕྱི་སོག་དང་ནང་སོག བྷུ་རི་ཡཏ་སོགས་ཡུལ་གྲུ་ཁག་མང་པོ་ཞིག་ལ་བོད་ནས་མར་སངས་རྒྱས་པའི་ཆོས་དར་རྗེས་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཞེས་གསུངས་པ་དེ་གོ་བ་ལེན་གྱི་ཡོད། གང་ལྟར་དངོས་ཡོད་གནས་ཚུལ་ལ་དུས་རབས་ཁ་ཤས་རིང་ལ་དངོས་གནས་དྲང་གནས་ཨེ་ཤེ་ཡ་ལུང་པའི་ནང་སངས་རྒྱས་པའི་ཆོས་དེ་ཡང་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ལུང་དང་རིགས་པའི་ཐོག་ནས་གཏན་ལ་དབབ་རྒྱུ་ཞིག་དང་། དད་པ་གཅིག་པུ་མ་ཡིན་པར་རིགས་པའི་ཐོག་ནས་དཔྱད་པ་བྱས་ཏེ་འགྲོ་བཞིན་པ། གཙོ་བོར་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དང་། འཕགས་པ་ཐོགས་མེད་ཀྱི་གཞུང་། ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དེ་དག་གཙོ་བོར་བྱེད་ཀྱི་ཡོད། གཞུང་དེ་དག་ཡག་པོ་ཞིག་བལྟས་པར་ཚད་མ་རིག་པ་ཤེས་དགོས་ཀྱི་ཡོད་སྟབས། དེ་སྔ་བོད་ལ་གཞུང་པོད་ལྔ་དང་མཛོད་འདུལ་གཉིས་སྤྱིར་བཏང་བསླབ་བྱ་ཡོད། གལ་ཆེ་བ་ནི་ཚད་མ་རྣམ་འགྲེལ་དང་། དབུ་ཕར་བཅས་དེ་རིགས་ནི་སློབ་གཉེར་བྱེད་རྒྱུ་གཙོ་བོ་ཆགས་ཀྱི་ཡོད། དེར་བརྟེན་ཧོར་གྱི་ཡུལ་ལ་ང་ཚོ་བོད་དུ་སློབ་གཉེར་བྱེད་སྟངས་ནང་བཞིན་བསྟན་པ་བྱང་ནས་བྱང་དུ་དར་ཡོང་ཞེས་གསུངས་པ་ལྟར་ཧོར་གྱི་ཡུལ་ཁག་དེ་དག་གཞུང་ཆེན་ཧ་ལས་པ་ཡག་པོ་ལྟ་ཡི་ཡོད། ངོས་རང་ཆུང་ཆུང་སྐབས་སྒོ་མང་མཁན་ཆེན་ཕལ་ཆེར་སོག་པོ་རེད། སེ་ར་བྱེས་ཀྱི་དགེ་བཤེས་སོག་པོ་འགའ་ཤས་ཡོད་པ་རེད། དགའ་ལྡན་བྱང་རྩེར་སོག་པོ་འགའ་ཤས་ཡོད། གང་ལྟར་སྒོ་མང་གི་དགེ་བཤེས་མང་ཆེ་བ་སོག་པོ་རེད་འདུག ངོས་རང་ཆ་མཚོན་ནའང་ཆུང་ཆུང་སྐབས་གཞུང་སྤྱི་དང་ལྷག་པར་རྟགས་གསལ་གཏོང་སྟངས་བསླབ་མཁན་དངོས་གྲུབ་ཚོགས་ཉིད་ཆགས་ཀྱི་ཡོད། སོག་པོ་ནང་སོག་ནས་རེད། ལྷག་པར་སྒོ་མང་མཁས་པ་ཡིན་ཚེ་ཧ་ལམ་སོག་པོ་ཡིན་པས་ཁྱབ་བཤད་ཆོག་གི་རེད།དེར་བརྟེན་སྔར་སངས་རྒྱས་ཀྱི་བསྟན་པ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པ་འདི་ཆེན་པོ་ཧོར་གྱི་ཡུལ་དུ་ཧ་ལས་པ་དར་ཁྱབ་ཆེན་པོ་ཆགས་ཏེ་བསྐྱར་དུ་བོད་ནང་སོག་པོའི་དཔེ་ཆ་མང་པོ་ཞིག་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་བཤད་སྒྲུབ་ཟུང་སྦྲེལ་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གནང་གི་ཡོད། ད་ཆ་ང་ཚོ་བཙན་བྱོལ་བ་རེད། གནས་སྟངས་ཉམ་ཐག་པོ་རེད་དེ་ཡིན་ནའང་གྲྭ་སར་དེ་རིང་ཁ་སང་སོག་པོ་ཁ་ཤས་ཡོད་པ་རེད། ལྷག་པར་བར་སྐབས་ཤིག་ནས་སོག་པོའི་གྲྭ་རྒྱུན་ནང་གང་འཚམ་ཞིག་རྒྱ་གར་དུ་འབྱོར་ཏེ་སྒོ་མང་ལ་སོག་པོའི་གྲྭ་རྒྱུན་འགའ་ཤས་ཡོད།སྤྱི་ཡོངས་ནས་བཤད་པ་ཡིན་ན་སངས་རྒྱས་པའི་ཆོས་དང་། ལྷག་པར་ལེགས་སྦྱར་གྱི་ཆོས་བརྒྱུད་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ཆོས་བརྒྱུད་ལ་བླ་མའི་ཆོས་ (Lamaism) ཞེས་མིང་བཏགས་ཡོད། བར་སྐབས་ནས་བོད་ཀྱི་སངས་རྒྱས་པའི་ཆོས་འདི་དངོས་གནས་དྲང་གནས་ཚད་མ་རིག་པའི་ལྟ་གྲུབ་གཏིང་ཟབ་པོ་ཡོད་པའི་ཆོས་བརྒྱུད་ཡིན་པ་ཕལ་ཆེར་འཛམ་གླིང་ཡོངས་གྲགས་ཀྱིས་ངོས་ལེན་ཡོད་པའི་བཟོ་འདྲ་ཞིག་རེད། ང་ཚོ་བོད་ཀྱི་སངས་རྒྱས་པའི་བསྟན་པ་འདི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་ཆགས་ཡོད། ཤྲི་ལང་ཀཱ་ (Sri Lanka) དང་ཐའེ་ལེནྜ། འབར་མ་བཅས་རྒྱལ་ཁབ་དེ་དག་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་རེད། སངས་རྒྱས་ཀྱི་བསྟན་པའི་གཞི་མ་གྲུབ་པ་ལྟ་བུ་རེད། འདུལ་བའི་ཉམས་ལེན་དེ་ཚོ་ཧ་ཅང་ཡག་པོ་ཡོད། ཚད་མ་རིག་པའི་ཐོག་ནས་དཔྱད་པ་བྱེད་མཁན་ཕལ་ཆེར་བོད་དང་སོག་གཉིས་ཁོ་ན་རེད།བཙན་བྱོལ་བོད་མི་རྣམས་ཀྱིས་གཞུང་ཆེན་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོ་རྩིས་ཏེ་གདན་ས་གསུམ་གཙོ་བོ་གྱུར་པའི་བཤད་གྲྭ་ཆེན་པོ་དེ་དག་གིས་རྒྱ་གར་དུ་བསྐྱར་གསོ་བྱས་ཏེ་ཡག་ཐག་ཆོད་ཡོད། དེ་རིང་ཨུ་རུ་སུའི་ཆོས་གྲོགས་ཚོ་དང་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བར་ཧ་ཅང་དགའ་པོ་བྱུང་། སོག་པོའི་གྲྭ་རྒྱུན་ད་ལྟའང་རྒྱ་གར་དུ་སློབ་སྦྱོང་བྱེད་བཞིན་པ་རེད། དེ་སྔོན་ངོས་རང་སོག་པོ་དགའ་ལྡན་དགོན་པར་སླེབས་པའི་སྐབས་སོག་པོའི་ཆོས་གྲོགས་ཚོས་མཎྡལ་འབུལ་སྐབས་མཎྡལ་གྱི་གདངས་གཏོང་བའི་སྐབས་ངོས་རང་སེམས་ཧ་ཅང་སྐྱོ་སྟེ་མིག་ཆུ་ཤོར་སོང་། གང་ལྟར་དེ་དུས་ཆེན་པོ་ཧོར་གྱི་ཡུལ་ལ་སངས་རྒྱས་ཀྱི་བསྟན་པ་ཧ་ཅང་ཉམས་ཡོད་པ་དེ་སླར་གསོ་ཡོང་བའི་རྣམ་པ་གསལ་པོ་འདུག ཨུ་རུ་སུ་དམར་པོའི་འོག་ལ་ཆོས་ལ་བསམ་བཞིན་དུ་དགག་པ་བརྒྱབ་ཡོད། དེ་འདྲའི་གནས་སྟངས་འོག་ནས་ངོས་རང་སོག་ཡུལ་དུ་སླེབས་པའི་སྐབས་དངོས་གནས་དྲང་གནས་ཆོས་ལ་དད་པ་གཡོ་བ་མེད་པ་ཞིག་འདུག སྐབས་དེར་སོག་པོའི་མཁན་པོ་དང་ལྷན་དུ་འདོན་པ་གཅིག་པུ་ཙམ་མིན་པར་རིམ་པས་དཔེ་ཆར་སློབ་གཉེར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སྐད་ཆ་བྱུང་བ་རེད། ཅེས་བཀའ་སློབ་སྩལ་ཏེ་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་གྱི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།