༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་གྱི་བཀའ་ཆོས་བསྩལ་གཏན་འཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་གི་གཞུང་འབྲེལ་དྲ་རྒྱའི་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༤ ནས་ ༥ བར་ཉིན་གྲངས་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨུ་རུ་སུའི་ནང་པའི་རྗེས་འཇུག་པ་རྣམས་ལ་དྲ་ལམ་ཐད་གཏོང་བརྒྱུད་རྒྱ་གར་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ ༡༠ པ་བར་རྗེ་བཙུན་བྱམས་པ་མགོན་པོས་མཛད་པའི་མདོ་སྡེ་རྒྱན་གྱི་བཀའ་ཆོས་དང་། དྲི་བ་དྲིས་ལན་མཛད་རྒྱུ། མཛད་རིམ་འདི་བཞིན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་ཨིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་དང་། གསན་གཟིགས་གནང་མཁན་ཚོས་ས་གནས་སོ་སོར་བཅས་པའི་སྤྱི་ཚོགས་རྒྱང་བཀྱེད་ཀྱི་བཀའ་རྒྱ་ལས་མི་འདའ་བར་གསན་གཟིགས་གནང་དགོས་པ་དགོངས་འཇགས་འཚལ། །