༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༩ ཉིན་གྱི་སྔ་དྲོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་སྐབས་ ༡༦ པའི་བཀའ་ཤག་གི་བཀའ་བློན་རྣམ་པར་མཇལ་ཁ་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་དང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པས་ལས་བསྡོམས་སྙིང་བསྡུས་དང་མ་འོངས་ལས་འཆར་སྐོར་སྙིང་བསྡུས་རེ་སྙན་སེང་ཞུས་པ་དང་སྦྲགས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐབས་བཅུ་དྲུག་པའི་བཀའ་ཤག་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཞག་ཐོག་ཤར་སྐྱོད་བྱ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་སྙན་སེང་ཞུས་འདུག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་སྐབས་ ༡༦ པའི་བཀའ་ཤག་གི་བཀའ་བློན་རྣམ་པར་བཀའ་སློབ་སྩལ་དོན། དེ་རིང་ཁྱེད་རང་ཚོས་ལས་འགན་གསར་པ་ཞིག་ཁུར་དུ་བླངས་ནས་ཡོང་ཡོད། ཁྱེད་རང་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ང་ཚོ་བཙན་བྱོལ་དུ་སླེབས་པ་དེ་སྲིད་དོན་གྱི་སྐད་ཆ་གཅིག་པུ་མ་རེད། སྲིད་དོན་གྱི་སྐད་ཆ་གཅིག་པུ་ཡིན་ན་ང་ཚོ་རྒྱ་གར་ལ་སླེབས་ཚར་ནས་དབུ་མའི་ལམ་ཟེར་བ་དེ་ཕལ་ཆེར་ཡོང་མ་ཤེས་པ་ལྟ་བུ་རེད། ང་ཚོ་འདིར་ཆབ་སྲིད་ཀྱི་ཐོག་ནས་གནས་སྟངས་ག་རེ་ཡིན་མིན་ལ་མ་ལྟོས་པར་གང་ལྟར་བོད་ཀྱི་རིག་གཞུང་དང་སྐད་ཡིག་དེ་དག་བོད་པའི་རྣམ་པ་མཚོན་པའི་ཐུན་མོང་མ་ཡིན་པ་རེད་ལ། དོན་དག་ངོ་མའི་ཆ་ནས་ཡིན་ནའང་དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་ནང་པའི་སེམས་ཁམས་རིག་པ་དང་ནང་པ་སངས་རྒྱས་པའི་ལྟ་གྲུབ་སྐོར་ལ་འགྲེལ་བཤད་བརྒྱབ་དགོས་བྱུང་ན་བོད་སྐད་དེ་ཡག་ཤོས་རེད་འདུག ང་ཚོ་བོད་ཀྱི་ནང་ཆོས་དེ་སྔ་ཡིན་ན་བླ་མའི་ཆོས་(Lamanism) ཟེར་བའི་མིང་ཞིག་ཡོད། ག་ལེ་བླ་མའི་ཆོས་(Lamanism) ཟེར་བའི་མིང་དེ་ཡལ་ཡོད།
བོད་པའི་སངས་རྒྱས་པའི་ཆོས་དེ་དངོས་གནས་དྲང་གནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ཀྱི་ཆོས་དང་། ལྟ་གྲུབ། ཚད་མ་རིག་པ་བཅས་ཡིན་པ་མ་ཟད། གཞན་དང་མིན་འདྲ་བ་ཡོད་པ་དེ་རིང་ཁ་སང་འཛམ་བུ་གླིང་འདི་སྒང་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ང་ཚོ་བོད་མི་རིགས་ཀྱི་གཟི་བརྗིད་རེད་ལ། བོད་པའི་གཅེས་ནོར་དེ་ང་ཚོའི་སྐད་ཡིག་ནང་ཡོད་པའི་ཚད་མ་དང་ལྟ་གྲུབ། སེམས་ཁམས་རིག་པ་བཅས་རེད། དེ་དག་འཛམ་བུ་གླིང་འདི་སྒང་གི་ནང་པའི་ཡུལ་གྲུ་སུ་གཅིག་ལ་མེད་པ་ཞིག་ཆགས་ཡོད། རྒྱ་ནག་གིས་བོད་ཀྱི་སྐད་ཡིག་ནག་བསུབ་གཏང་རྒྱུའི་ཚབ་ཏུ་རྒྱ་ནག་ནང་བོད་ཀྱི་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་ཡི་འདུག དེ་རིང་ཁ་སང་འཛམ་བུ་གླིང་ཕྱི་ལོགས་ལ་ཚན་རིག་པ་ཚོའི་ནང་ནས་ཀྱང་བོད་ཀྱི་སེམས་ཁམས་རིག་པའི་སྐོར་དམིགས་བསལ་ངོས་འཛིན་ཆ་འཇོག་གནང་གི་འདུག ཚན་རིག་པའི་ཚོའི་དཀྱིལ་ལ་ངོས་རང་ཚན་རིག་པ་ཞིག་ཆགས་བསྡད་ཡོད། ནང་པ་དང་དགེ་སློང་ཡིན་པ་སྨྲ་མི་དགོས་པ་རེད། དེ་ང་ཚོ་བོད་ཀྱི་གཟི་བརྗིད་རེད།ནང་པ་དེ་དག་ཚང་མས་བོད་པའི་སྐད་ཡིག་ལ་བརྟེན་ནས་བསྡད་ཡོད། ངོས་ཀྱིས་གཙོ་བོ་བོད་པའི་རིག་གཞུང་དང་ཤེས་ཡོན་སྐོར་རྗོད་ཀྱི་ཡོད། བོད་པའི་སྐད་ཡིག་ནང་ཡོད་པའི་རིག་གཞུང་གཏིང་ཟབ་དེ་ང་ཚོ་ཚང་མས་བདག་པོ་བརྒྱབ་དགོས། ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་པ་ཚོར་ཆ་བཞག་ནའང་ང་ཚོ་རྒྱ་གར་ལ་འབྱོར་མ་ཐག་ངོས་ཀྱིས་ཇཝཱ་ཧར་ལལ་ནེ་རུ་ (Jawaharlal Nehru)མཆོག་ལ་བོད་པ་ཚོར་སྐད་ཡིག་ཟུར་དུ་ཡོད། ང་ཚོའི་སློབ་གྲྭའི་ནང་བོད་པའི་སྐད་ཡིག་སྦྱང་རྒྱུ་ཡོད་པ་ཞིག་དགོས་ཀྱི་འདུག་ཅེས་ཞུས་པ་ཡིན། ཇཝཱ་ཧར་ལལ་ནེ་རུ་མཆོག་གིས་དེར་རྒྱབ་སྐྱོར་གཙང་མ་གནང་ཡོད། དེ་ནས་རིམ་པས་ང་ཚོའི་སློབ་གྲྭའི་ནང་ཁ་དོག་དཀར་དམར་ལྟ་བུ་རིགས་ལམ་བསླབ་ཐུབ་ན་ཡག་པོ་འདུག་ཅེས་སྐད་ཆ་བྱུང་བ་རེད། ཆོས་ལུགས་ཀྱི་སྐད་ཆ་གང་ཡང་མ་རེད། དེ་ཤེས་ཡོན་གྱི་སྡེ་ཚན་ནང་གཞག་དགོས། དཔེར་ན་ང་ཚོ་བོད་ནང་ཡོད་པའི་བོད་པའི་ཁ་ཆེ་གྲོགས་པོ་ཚོ་ཆོས་ལུགས་ནང་པ་མ་རེད། ཡིན་ནའང་ཁོང་ཚོས་བོད་པའི་རིག་གཞུང་དང་སྐད་ཡིག་ཐོག་དམིགས་བསལ་དོ་སྣང་གནང་གི་ཡོད།ང་ཚོ་བཙན་བྱོལ་དུ་ཡོད་མཁན་ཚོས་ཀྱང་ཆབ་སྲིད་ཀྱི་སྐད་འབོད་རྒྱག་རྒྱུ་གཅིག་པུ་མ་ཡིན་པར་འཛམ་བུ་གླིང་འདིའི་སྒང་ལ་ང་ཚོའི་རིག་གཞུང་ལ་དོ་སྣང་སླེབས་ཡོད་སྟབས་དེའི་ཐོག་ང་ཚོས་ཞབས་འདེགས་བསྒྲུབ་རྒྱུ་ཡིན་ན་དེས་བོད་མི་རིགས་ལ་ཕན་གྱི་ཡོད།བོད་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་དེ་ཡང་སངས་རྒྱས་པའི་ཆོས་ཀྱི་ཐོག་ནས་ཡོང་གི་ཡོད། བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པར་ང་ཚོ་ཁ་བ་གངས་ཅན་པ་ཟེར་གྱི་ཡོད། བོད་པའི་སྐད་ཡིག་དང་། བཀའ་འགྱུར་དང་བསྟན་འགྱུར་དེ་དག་གི་ཐོག་ནས་བོད་ཆོལ་ཁ་གསུམ་གྱི་མི་རིགས་ཚང་མ་སེམས་ཤུགས་སྐྱེས་ནས་བསྡད་ཡོད། ད་ལྟ་ཡིན་ནའང་བོད་ནང་གི་རྒྱ་ཆེ་མི་མང་ལ་བར་སྐབས་དཀའ་ངལ་ཧ་ཅང་མང་པོ་འཕྲད་ཡོད།ཡིན་ནའང་ནང་ཆོས་ལ་དད་པ་དང་ཡིད་ཆེས་བྱེད་ཀྱི་ཡོད། དེ་དང་འབྲེལ་ནས་ངོས་རང་ལ་དགའ་མོས་གནང་གི་ཡོད་པ་དེ་འགྱུར་བ་རྩ་བ་ཉིད་ནས་མེད་པ་བྱས་ནས་བསྡད་ཡོད། ཆབ་སྲིད་ཀྱི་ཐོག་ལའང་ཕན་གྱི་ཡོད། བོད་པའི་རིག་གཞུང་དང་སྐད་ཡིག་དེ་ཡག་པོ་བྱས་ནས་བདག་པོ་བརྒྱབ་ན་བོད་མི་རིགས་ཀྱི་སེམས་ཤུགས་ཡོང་གི་ཡོད། དེ་དང་འབྲེལ་ནས་དབུ་མའི་ལམ་ཟེར་བ་དེ་ཡང་དེ་རིང་ཁ་སང་རྒྱ་ནག་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་ཇེ་མང་དུ་འགྲོ་ཡི་ཡོད་སྟབས། མཐུན་པའི་རྐྱེན་ཆགས་ཡོད། ངོས་ཀྱིས་མཚམས་མཚམས་ལ་འདི་འདྲ་རྗོད་ཀྱི་ཡོད། ཆབ་སྲིད་ཀྱི་ཐོག་ནས་རྒྱ་ནག་གིས་བོད་དབང་བསྒྱར་བྱས་པ་རེད། ཆོས་ཕྱོགས་ཀྱི་ཐོག་ནས་ང་ཚོས་རྒྱ་ནག་ལ་དབང་བསྒྱུར་ཐུབ་ཀྱི་རེད་ཅེས་བཤད་ཀྱི་ཡོད།
ང་ཚོ་བཙན་བྱོལ་བ་ཆགས་ནས་བཙན་བྱོལ་བ་འདྲ་འདྲའི་ནང་ནས་མིན་འདྲ་བ་ཡོང་བ་དེ་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ནས་བྱུང་བ་རེད། ང་ཚོར་དཔལ་འབྱོར་དང་། ཆབ་སྲིད་ཀྱི་ཐོག་ནས་འདྲ་ཆགས་པོ་དང་ཁ་བདེ་པོ་བྱེད་རྒྱུ་མེད་པ་རེད། ང་ཚོས་བསམ་པ་རྣམ་དག་གིས་ནཱ་ལེནྡྲའི་ཆོས་བརྒྱུད་ཡོད་པ་དེ་བདག་པོ་ཡག་པོ་བརྒྱབ་ཡོད་སྟབས་དེ་རིང་ཁ་སང་ཤེས་ཡོན་ཅན་ཚོའི་ནང་མཐོང་ཆེ་རུ་འགྲོ་ཡི་ཡོད། དེ་ང་ཚོ་བོད་པའི་གཅེས་ནོར་ཆགས་ཡོད། ང་ཚོས་དེ་བདག་པོ་ཡག་པོ་བརྒྱབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་བཅུ་དྲུག་པའི་བཀའ་ཤག་གི་བཀའ་བློན་གསར་པ་རྣམས་ལ་གསར་མཇལ་གྱི་གོ་སྐབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ང་ཚོའི་ངོས་ནས་སོ་སོས་མ་འཇོན་པ་དང་མ་ཤེས་པ་བྱུང་ན་མ་གཏོགས་ཧུར་ཐག་འབད་ཐག་གིས་ཞབས་འདེགས་བསྒྲུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད། བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་མཚོན་པའི་གནད་དོན་གཞན་པ་ཡིན་ནའང་༧རྒྱལ་བ་རིན་པོ་ཆེའི་དགོངས་པ་རང་ལ་གཞི་བཞག་ནས་ལས་དོན་བསྒྲུབ་རྒྱུའི་དམ་བཅའ་བརྟན་པོ་ཡོད། ཅེས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་བཀའ་དྲིན་སྩལ་ཡོད་པ་བཅས།།