༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་རེའི་བོད་མི་མང་སྤྱི་འཐུས་གསར་དུ་ཕེབས་མཁན་རྣམ་པར་ཟབ་སྦྱོང་འབུལ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྡ་སའི་ཉེ་འཁྲིས་སུ་ཡོད་པའི་ (Angels Inn Resort) ཞེས་པའི་གསོལ་མགྲོན་ཁང་དུ་ཕྱི་ཚེས་ ༢༣ ནས་འགོ་འཛུགས་ཏེ་ཉིན་གྲངས་ལྔའི་རིང་སྐབས་ ༡༧ པའི་གྲོས་ཚོགས་ནང་གསར་དུ་ཕེབས་པའི་སྤྱི་འཐུས་རྣམ་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་དང་སྲིད་བྱུས་སོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་སོང་། དེ་ཡང་ཕྱི་ཚེས་ ༢༢ ཉིན་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་གསར་དུ་ཕེབས་པའི་སྤྱི་འཐུས་རྣམ་པ་ཟབ་སྦྱོང་ཚོགས་ཡུལ་ (Angels Inn Resort) གསོལ་མགྲོན་ཁང་དུ་ཕེབས་འབྱོར་གནང་བ་དང་། ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་ཕེབས་བསུའི་གསོལ་སྟོན་སྟབས་བདེ་ཞིག་གོ་སྒྲིག་ཞུས་པའི་ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཚོགས་དྲུང་ཚེ་དབང་དངོས་གྲུབ་ལགས་བཅས་ཆེད་ཕེབས་གནང་ཡོད།
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཚོགས་གཙོ་སྦྲེལ་པོ་གཉིས་ཀྱི་ཚབ་ཞུས་ཏེ་ཟབ་སྦྱོང་ནང་ཕེབས་མཁན་སྤྱི་འཐུས་རྣམ་པར་འཚམས་འདྲི་དང་སྦྲགས་གསུང་དོན། ཟབ་སྦྱོང་དེ་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཟབ་སྦྱོང་གི་ལས་རིམ་དང་པོ་ལྟ་བུ་ཞིག་ཆགས་ཀྱི་ཡོད། དེ་འདྲ་སོང་ཙང་སྐུ་ངོ་ཚོགས་གཞོན་མཆོག་དང་། ང་གཉིས་མར་བཅར་ནས་རྣམ་པ་ཚོར་འཚམས་འདྲི་ཞུ་རྒྱུ་དང་། སང་ཉིན་ནས་ཉིན་མ་ལྔའི་རིང་གི་ཟབ་སྦྱོང་འགོ་འཛུགས་ཀྱི་ཡོད་རེད། རྣམ་པ་ཚོ་མང་བ་ད་ལྟ་བར་སྤྱི་ཚོགས་ནང་ཕྱག་ལས་གནང་མྱོང་མཁན་ཤ་སྟག་ཆགས་བསྡད་ཡོད་དུས། ཉམས་མྱོང་གང་ཙམ་ཡོད་རེད། བྱས་ཙང་དེ་ནས་མང་པོ་ཞུས་ན་ཕན་ཐོགས་ཡོད་པ་ཚོར་གྱི་མི་འདུགཐེངས་འདིའི་ཟབ་སྦྱོང་ནང་ལ་གཙོ་བོ་ཁྲིམས་སྒྲིག་ཁག་གི་ནང་ནས་བཅའ་ཁྲིམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་སྔོན་རྩིས་འགྲོ་སྟངས་དང་སྒྲིག་གཞི་བཅས་ཡོད་པ་དང་། དེ་ཡང་སྔོན་རྩིས་སྐོར་ལ་དཔལ་འབྱོར་ལས་ཁུངས་ཀྱི་སྔོན་རྩིས་སྡེ་ཚན་གྱི་འགན་ཁུར་ནས་ཟབ་འཁྲིད་གནང་རྒྱུ་དང་། སྐུ་ངོ་ཚོགས་གཞོན་མཆོག་ནས་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་སྐོར་ཟབ་འཁྲིད་གནང་རྒྱུ། ངས་བཅའ་ཁྲིམས་སྐོར་ལ་ཞུ་རྒྱུ་བཅས་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་སྐུ་ངོ་སྲིད་སྐྱོང་མར་ཕེབས་ནས་ཚོགས་ཐེངས་གཅིག་རིང་བཀའ་སློབ་གནང་གི་རེད། དེ་བཞིན་རྣམ་པ་ཚོས་དབུས་ཀྱི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་མཁྱེན་རྟོགས་བྱུང་བ་ཡིན་ན། ས་གནས་ཁག་གི་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་ཚོ་རང་བཞིན་གྱིས་མཁྱེན་རྟོགས་ཡོང་ཐུབ་པ་ཆགས་འགྲོ་གི་རེད། དེ་འདྲ་སོང་ཙང་། སྔོན་མ་འདྲ་ཡིན་ན། སྤྱི་འཐུས་རྣམ་པ་དབུས་ལས་ཁུངས་ཁག་ལ་གཟིགས་སྐོར་ཕེབས་དུས་འབྲེལ་ཡོད་དྲུང་ཆེ་སོགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར་ལ་འགྲེལ་བཤད་བརྒྱབ་ཀྱི་ཡོད་རེད། ད་རེས་སྔོན་དང་མི་འདྲ་བར་ལས་ཁུངས་ཁག་གི་དྲུང་ཆེའམ་ཡང་ན་དྲུང་འཕར་སུ་རུང་མར་ཕེབས་ཏེ་ཆུ་ཚོད་ཕྱེད་ཀ་ལྷག་རིང་རྣམ་པ་ཚོར་ལྷན་ཁང་སོ་སོའི་ལས་དོན་བྱེད་ཕྱོགས་ཐོག་ལ་འགྲེལ་བཤད་གནང་གི་ཡོད་རེད། དེའི་རྗེས་ལ་སྤྱི་འཐུས་རྣམ་པ་ལས་ཁུངས་ཁག་ལ་གཟིགས་སྐོར་ཕེབས་ཡོང་དུས། ལས་ཁུངས་ཁག་གི་ལས་དོན་གནང་ཕྱོགས་ངོ་འཕྲོད་ཐུབ་པ། དེ་འདྲ་པོ་བྱུང་ན་བསམས་ནས་ཏོག་ཙམ་སྔོན་མ་ལྟ་བུ་མ་ཡིན་པ་འདྲ་པོ་ལས་རིམ་བང་བསྒྲིགས་ཡོད་རེད།ང་ཚོ་ཚང་མ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་དང་སྒྲིག་གཞི་མཁྱེན་དགོས་པ་དང་། གཉིས་པ་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་མཁྱེན་དགོས་པ། དེའི་ཐོག་ནས་འཛིན་སྐྱོང་ལ་ལམ་སྟོན་འབུལ་རྒྱུ་ཡིན་ནའང་འདྲ། རྒྱབ་སྐྱོར་གནང་རྒྱུ་ཡིན་ནའང་འདྲ། སྟངས་འཛིན་གནང་རྒྱུ་ཡིན་ནའང་འདྲ། གང་ཡིན་ནའང་། དང་པོ་ནས་འཛིན་སྐྱོང་གི་ལས་དོན་གནང་ཕྱོགས་ཡག་པོ་ཞིག་མ་མཁྱེན་པ་ཡིན་ན་གནས་སྟངས་དེ་ཏག་ཏག་ཅིག་ལ་འགྲོ་ཐུབ་ཀྱི་མི་འདུག རྩ་བའི་རྣམ་པ་ཚོས་གང་ཙམ་མཁྱེན་གྱི་ཡོད་ཀྱང་། ཟབ་སྦྱོང་འདི་བརྒྱུད་ནས་གོ་རྟོགས་འདྲ་པོ་ཤུགས་ཆེན་པོ་སླེབས་ཐུབ་རྒྱུར་ཐུགས་ཕན་གསོ་ཐུབ་ཀྱི་རེད་བསམ་གྱི་འདུགཁྲིམས་སྒྲིག་གཞི་འདྲ་པོ་ཡིན་ན་གཙོ་བོ་བཅའ་ཁྲིམས་ཆགས་བསྡད་ཀྱི་ཡོད་རེད། རྩ་བའི་ནང་དོན་མར་ཀློག་པ་ཡིན་ན། ལམ་སེང་ཤེས་ཐུབ་པ་དང་དེ་ཙམ་དཀའ་ངལ་འདྲ་པོ་ཡོད་མ་རེད། ཡིན་ནའང་ལག་ལེན་ཐོག་ནས་མཚམས་མཚམས་ག་རེ་འདྲ་པོ་བྱེད་ཡོང་བསམ་བསམ་གྱི་དོགས་པ་ཞིག་སླེབས་བསྡད་ཀྱི་འདུག དེ་ཚོའི་ཐོག་ལ་ང་ཚོས་གང་ལ་གང་འཚམ་འགྲེལ་བཤད་བརྒྱབ་ཐུབ་ཐབས་གཙོ་འདོན་འདྲ་པོ་བྱས། རྣམ་པ་ཚོའི་ངོས་ནས་སོ་སོའི་ཐུགས་དོགས་ཡོད་པ་རྣམས་དྲི་བ་དྲིས་ལན་གྱི་ཐོག་ནས་གསལ་པོ་ཡོང་ཐུབ་པ་ཞིག་ཆགས་ཀྱི་རེད་བསམ་གྱི་འདུགགཅིག་ནས་རྣམ་པ་ཚོ་ལ་ཟབ་སྦྱོང་རེད། གཉིས་ནས་རྣམ་པ་ཚོ་ནང་ཁུལ་ཕར་ཚུར་བཀའ་མོལ་གནང་རྒྱུ་ཡོད་པ་དང་། བློ་ཉེ་པོ་ཡོང་ཐུབ་པ། དེ་འདྲ་ཞིག་བཟོ་ཐུབ་པ་ཡིན་ན་ཕན་ཐོགས་ཆེན་པོ་ཡོད་རེད། མ་འོངས་པར་དེ་འདྲའི་ལས་རིམ་འདྲ་པོ་མང་ཙམ་ཡོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད། སྔོན་མ་སྤྱི་འཐུས་གསར་པ་སླེབས་པ་དང་། ལམ་སེང་ཕར་ཚུར་བཀའ་མོལ་གནང་རྒྱུ་མང་པོ་ཡོད་རེད། བར་སྐབས་ང་ཚོ་གནས་སྟངས་དེ་འདྲའི་ཐོག་ནས་ཏོག་ཙམ་ཐག་རིང་ཙམ་ཟེར་ན་འདྲ། ཉེ་པོ་ཞེ་པོ་ཞིག་ཡོང་མ་ཐུབ་པའི་དོགས་པ་རྣམ་རྟོག་འདྲ་པོ་ཆགས་བསྡད་འདུག དེ་ཚོའི་གྲས་རིམ་པས་ང་ཚོས་མེད་པ་བཟོ་ཐུབ་ན་དཔེ་ཡག་པོ་ཡོད་རེད་བསམ་གྱི་འདུག དེ་རིང་ནས་ང་ཚོས་འགོ་འཛུགས་ཏེ་མ་འོངས་པའི་ལས་དོན་ཚང་མར་མཉམ་རུབ་བྱེད་ཐུབ་རྒྱུ་དང་། བོད་བསྟན་སྲིད་ཀྱི་ཆེད་དུ་ཐུགས་ཕན་གསོ་ཐུབ་རྒྱུར་ཚང་མས་འགན་ཁུར་ཞུ་ཐུབ་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ཡིན་དུས་ཟབ་སྦྱོང་འདིར་རྣམ་པ་ཚོ་ཕན་ཚུན་བཀའ་མོལ་ལྷུགས་པོ་གནང་རྒྱུ་དང་། བློ་ཉེ་པོ་ཡོང་ཐུབ་རྒྱུ། དེ་ཚོའི་གྲས་བཟང་པོའི་ཕྱོགས་ལ་ཇ་ཆང་ཟེར་བ་ནང་བཞིན་འདིར་གོ་སྐབས་ཡོད་རེད་ཅེས་ཞུ་རྒྱུ་ཡིན། རྣམ་པ་ཚོ་མང་བ་ས་གནས་ཁག་ནས་ཕེབས་པ་རེད། ཁག་ཅིག་ས་གནས་ཐག་རིང་པོ་ནས་ཕེབས་ཡོད་རེད། སང་ཉིན་ནས་ཟབ་སྦྱོང་ནང་ཕྱི་རྒྱལ་ཁག་གི་སྤྱི་འཐུས་རྣམ་པ་དྲྭ་ལམ་བརྒྱུད་ནས་མཉམ་ཞུགས་གནང་གི་ཡོད་རེད། དེ་འདྲ་ཡིན་དུས་ཚང་མས་ཐུགས་སྣང་ཆེན་པོས་མཉམ་ཞུགས་དང་འགན་ཁུར་བཞེས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་གནང་སོང་།ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་བ་དང་། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཐོག་མར་ས་གནས་ལ་དངོས་སུ་ཟབ་སྦྱོང་ཕེབས་མཁན་རྣམ་པ་དང་། ཕྱི་རྒྱལ་ཁག་དང་གཞན་དྲྭ་ལམ་བརྒྱུད་མཉམ་ཞུགས་གནང་མཁན་སྤྱི་འཐུས་བཅས་ཚང་མར་འཚམས་འདྲི་དང་སྦྲགས་གསུང་དོན། མདང་དགོང་ཞུས་པ་ནང་བཞིན་རེད། ད་རེས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་ཐོག་ནས་ཟབ་སྦྱོང་གོ་སྒྲིག་གནང་བ་ཐེངས་དང་པོ་འདྲ་པོ་ཞིག་ཆགས་ཀྱི་ཡོད་རེད། ཟབ་སྦྱོང་དེ་ཚར་སོང་བ་ཡིན་ན། ང་ཚོ་སྐབས་བཅུ་བདུན་པའི་གྲོས་ཚོགས་ཀྱི་རྨང་གཞི་འདྲ་པོ་ཞིག་དང་། ཚོགས་གཙོ་གཉིས་ཀྱིས་གྲ་སྒྲིག་བྱེད་དགོས་པའི་ལས་ཀ་མང་བ་དེ་ཚར་བ་ལྟ་བུ་ཡིན། དེའི་རྗེས་ལ་གྲོས་ཚོགས་འཚོག་རྒྱུ་དང་། གྲོས་ཚོགས་འཚོགས་ཚར་བའི་རྗེས་ལ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུའི་ཐོག་ལ་དུས་ཚོད་མང་བ་གཏོང་རྒྱུའི་བསམ་བློའི་ནང་བང་བསྒྲིགས་ནས་བསྡད་ཡོད། རིམ་པས་དེ་ཚོ་གསལ་པོ་ཡོང་གི་རེད་བསམ་གྱི་འདུག ངས་གཙོ་བོ་བཅའ་ཁྲིམས་འཁྲིད་ཀྱི་ཡོད་རེད། ང་རང་བཅའ་ཁྲིམས་ཐོག་ཧ་ཅང་སྦྱངས་པ་ཡོད་མཁན་དང་། དམིགས་བསལ་དེ་འདྲ་གང་ཡང་ཆགས་ཀྱི་ཡོད་མ་རེད། ང་ཚོ་ཚང་མ་གཅིག་པ་རེད། ང་སྤྱི་འཐུས་བྱས་རྗེས་བཅའ་ཁྲིམས་དཔེ་ཀློག་བྱས་མྱོང་བ་རེད་མ་གཏོགས། དམིགས་བསལ་བཅའ་ཁྲིམས་ཐོག་ལ་ཟབ་སྦྱོང་དེ་འདྲ་རག་མ་མྱོང་། ཡིན་ནའང་གནད་འགག་འདྲ་པོ་དང་དོགས་པ་དེ་འདྲ་ཡོང་དུས་སྤྱི་འཐུས་རྒན་པ་དང་། ཚོགས་གཙོ་ཟུར་པ་རེད། དེ་ཚོར་བཀའ་འདྲི་ཞུས་ནས་དོགས་པ་སེལ་ཐབས་བྱས་མྱོང་། དེ་རིང་ང་ཚོ་ཚང་མ་མཉམ་དུ་དོགས་པ་གང་ཡོད་པ། གནད་དོན་གང་གི་ཐོག་ཁ་གསལ་པོ་བཟོ་དགོས་པ། དེ་ཚོའི་གྲས་གང་ཐུབ་ཐུབ་འདྲ་པོ་བྱས་ནས་ཞུ་ཐབས་བྱེད་ཀྱི་ཡིན། སྤྱིར་བཏང་བཅའ་ཁྲིམས་འཁྲིད་རྒྱུར་ལམ་ལུགས་འདྲ་པོ་གཉིས་འདུག རིགས་གཅིག་དེ་བསྡུས་དོན་འདྲ་པོ་ཞིག་དང་། རིགས་གཞན་དེ་ཚིག་རེ་རེ་བཞིན་འགྲེལ་བཤད་བརྒྱབ་ནས་ཉིན་གཅིག་གཉིས་ཙམ་དུས་ཚོད་གཏོང་དགོས་པ་དེ་འདྲའང་འདུགང་ཚོར་ཚོགས་ཐེངས་གཉིས་མ་གཏོགས་ཡོད་མ་རེད། འགྲེལ་བཤད་རྒྱག་དགོས་པ་དེ་བརྒྱབ། འོས་ཆོས་འདྲ་པོ་ཁག་ཅིག་ལ་རེ་རེ་བྱས་ནས་བལྟས་ནས་ཁ་གསལ་པོ་བཟོ་དགོས་པ་དེ་ཚོ་བཟོ་ཐབས་བྱེད་ཀྱི་ཡིན་ཞེས་གསུངས་གནང་རྗེས། ཚོགས་ཐེངས་གཉིས་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སྐོར་ལ་ཟབ་འཁྲིད་གནང་ཡོད་པ་དང་། ཉིན་རྒྱབ་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་ཐེངས་གཉིས་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་སྐོར་ལ་ཟབ་འཁྲིད་གནང་ཡོད། ཐེངས་འདིའི་ཟབ་སྦྱོང་ནང་རྡ་སར་དངོས་སུ་ཕེབས་ཏེ་མཉམ་ཞུགས་གནང་མཁན་སྤྱི་འཐུས་གྲངས་ ༡༢ དང་། དྲྭ་ལམ་བརྒྱུད་མཉམ་ཞུགས་གནང་མཁན་ཕྱི་རྒྱལ་སྤྱི་འཐུས་གཙོས་སྤྱི་འཐུས་གཞན་ཁག་ཅིག་བཅས་ཡོད།སང་ཉིན་ཟབ་སྦྱོང་གི་ཉིན་གཉིས་པར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་དང། བོད་རྒྱ་འབྲེལ་མོལ་སྐོར་ལ་ཟབ་འཁྲིད་གནང་རྒྱུ་དང་། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཚབ་བསྟན་འཛིན་ལེགས་གྲུབ་ལགས་ཀྱིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི་དང། སྔོན་རྩིས་འགྲོ་སྟངས་སྐོར། དཔལ་འབྱོར་སྔོན་རྩིས་སྡེ་ཚན་གྱི་འགན་འཛིན་དྲུང་གཞོན་རྣམ་རྒྱལ་དགེ་འདུན་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་འཆར་འབུལ་གནང་ཕྱོགས་སྐོར་ལ་ཟབ་འཁྲིད་གནང་རྒྱུ་དང་། ཉིན་གསུམ་པ་ནས་ཉིན་ལྔ་པ་བར་རིམ་པས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པས་ལས་ཁུངས་སོ་སོའི་ལས་དོན་བྱེད་ཕྱོགས་སྐོར་རེ་རེ་བཞིན་ངོ་སྤྲོད་དང་། སྤྱི་འཐུས་རྣམ་པ་ལས་ཁུངས་ཁག་ལ་གཟིགས་སྐོར་ཕེབས་རྒྱུ། དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མིའི་འདུ་སྡོད་ཁག་དང་། ཕྱིའི་ཡུལ་གྲུར་འབྲེལ་ལམ་དང་། ལས་དོན་བྱེད་ཕྱོགས་སྐོར་དང་། མཛད་གཙོ་རྣམ་པའི་ཐོབ་ཐང་སྐོར་ལ་ཟབ་འཁྲིད་གནང་རྒྱུ། བགྲོ་གླེང་དང་དྲི་བ་དྲིས་ལན་བཅས་ཡོད། །