༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༤ ཉིན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བྱིས་པའི་ཉིན་མོར་གསུང་འཕྲིན་གནང་བའི་ནང་འཁོད་དོན། དེ་རིང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གནས་ཡུལ་རྒྱ་གར་ནང་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པ་ལྟར། བོད་པའི་སློབ་གྲྭ་ཁག་ཏུའང་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་རེད། ངས་ཐོག་མར་ཕྲུ་གུ་ཁྱེད་རང་ཚོ་དེ་རིང་གི་ཉིན་མོ་འདི་ཧ་ཅང་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། སློབ་ཕྲུག་ཚོས་དེ་རིང་ཉིན་མོའི་གནད་འགག་ཤེས་རྒྱུ་གལ་ཆེན་པོ་རེད། རྒྱ་གར་གྱི་སྲིད་བློན་དང་པོ་པཎྜི་ཏ་ཇ་ཝཱ་ཧར་ལཱལ་ནེཧ་རཱུ་ (Pandit Jawaharlal Nehru) མཆོག་གིས་བྱིས་པ་ཚོ་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་སྤྱི་ཚོགས་ཀྱི་རྨང་གཞི་ཡིན་པར་ངོས་འཛིན་གནང་ནས་བྱིས་པ་ཚོར་ཞེ་དྲག་མཉེས་པོ་གནང་གི་ཡོད་པ་སེམས་ལ་ངེས་དགོས།
སྲིད་བློན་དམ་པ་ཁོང་གིས་རྒྱ་གར་བྱིས་པ་རྣམས་ལ་ཆེ་མཐོང་གནང་བ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་འཁྲིད་པའི་བཀའ་ཤག་སྐབས་བཅུ་དྲུག་པ་དང་། ལྷག་པར་དུ་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་བོད་ཕྲུག་རྣམས་མ་འོངས་བོད་ཀྱི་སོན་རྩར་ངོས་འཛིན་ཞུ་ཡི་ཡོད་པ་མ་ཟད། ཁྱེད་རྣམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྤྱོད་ཞི་བའི་ས་བོན་དུ་ཐུགས་རེ་མཛད་པ་བཞིན་སྒྲུབ་མཁན་བོད་ཕྲུག་ཅིག་ལ་ངོས་འཛིན་ཞུ་ཡི་ཡོད། དེར་བརྟེན་ད་རེས་ཞུ་དོན་གཙོ་བོ་ནི། གཙང་སྦྲ་འཕྲོད་བསྟེན་ཐོག་ལ་ཞུ་ཡི་ཡིན། གཙང་སྦྲ་འཕྲོད་བསྟེན་གཉིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་རེད། ཁྱེད་རང་ཚོས་ཕན་པའི་ཟས་བསྟེན་དགོས་ཤིང་། གནོད་པའི་ཟས་ངེས་པར་དུ་སྤང་དགོས་པ་མ་ཟད། སློབ་གྲྭ་ནས་གནང་བའི་ཞལ་ལག་དང་ཤིང་ཏོག་སོགས་བཅུད་ལྡན་གྱི་ཟས་རིགས་ཡག་པོ་མཆོད་རྒྱུ་དང་། རྩེད་མོ་དང་ལུས་རྩལ་རྩེ་རྒྱུ་གལ་ཆེན་པོ་ཡིན། དེ་མིན་མངར་ཟས་དང་། སྟབས་བདེའི་ཟས། འགྱིག་ཤོག་ནང་གི་བཅུད་མེད་ཟས་རིགས་ཁག་གང་ཐུབ་སྤོང་རྒྱུ་གལ་ཆེ་བ་མ་ཟད། ཐ་མག་དང་ཆང་རག་རིགས་ནམ་ཡང་འཐུང་རྒྱུ་མེད། གལ་ཏེ་ལྐོག་ལྐོག་སུད་སུད་ལ་འཐུང་མཁན་ཡོད་ན། སློབ་གྲྭའི་སྒྲིག་གཞི་དང་བརྒལ་བ་མ་ཟད། སོ་སོ་ལའང་འཕྲལ་ཕུགས་གཉིས་ཀར་གནོད་ཀྱི་ཡོད་སྟབས་ངེས་པར་དུ་སྤང་དགོས།
དེ་བཞིན་བྱིས་པ་རྣམས་འཚར་ལོངས་བྱེད་བཞིན་པའི་གནས་སྐབས་སུ་ཟས་བཅུད་གལ་ཆེན་པོ་ཆགས་ཀྱི་ཡོད། ཕ་མ་ཚོས་སོ་སོའི་དཔལ་འབྱོར་གནས་སྟངས་ལ་དཔག་པའི་ཕྲུ་གུའི་ཟས་བཅུད་ལ་ཐུགས་སྣང་གནང་དགོས། ཕྲུ་གུར་ཟས་བཅུད་ཡག་པོ་གནང་ཐུབ་པ་ཡིན་ན། ཟས་བཅུད་མ་འདངས་པའི་ནད་རིགས་མི་ན་བ་མ་ཟད། ལུས་ཟུངས་ཡག་པོ་ཡོང་ཐུབ། ལུས་ཟུངས་ཡག་པོ་ཡོད་ན། སོ་སོའི་སྐབས་བབ་སློབ་སྦྱོང་ལ་རིག་པ་གྲུང་པོའི་ངང་དོ་སྣང་བྱེད་ཐུབ་པ་དང་། སློབ་སྦྱོང་སྦྱོང་རྒྱུར་དཀའ་ལས་མི་ཁག་པའི་ཁེ་ཕན་ཡོད། ཁྱེད་རང་ཚོས་གཙང་སྦྲ་འཕྲོད་བསྟེན་ཡག་པོ་གནང་བ་ཡིན་ན། ཤོད་སྲོལ་ལ་མི་མང་གི་འཕྲོད་བསྟེན་ནི་རྒྱལ་ཁབ་ཀྱི་འཕྲོད་བསྟེན་ཡིན་ཞེས་པ་ལྟར། རྒྱ་ཆེ་ས་ནས་བོད་མི་རིགས་ཀྱི་འཕྲོད་བསྟེན་ལ་ཕན་གྱི་ཡོད་པར་བརྟེན། སོ་སོའི་རྒྱལ་ཁབ་ཀྱི་ཞབས་འདེགས་ལ་དམིགས་ནས་གཙང་སྦྲ་འཕྲོད་བསྟེན་གནང་རྒྱུ་གལ་ཆེན་པོ་ཡིན་ཞིང་། མ་འོངས་པར་མི་རིགས་ཀྱི་ཞབས་འདེགས་ཞུ་མཁན་ལུས་སེམས་བདེ་ཐང་ཤ་སྟག་ཆགས་རྒྱུ་ངེས་པ་རེད། སློབ་ཕྲུག་ཚོས་སོ་སོའི་ཕ་མ་དང་དགེ་རྒན་ལ་བརྩེ་བ་དང་བརྩི་བཀུར་གནང་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། སྤྱིར་བཏང་ནས་ཁྱེད་རང་ཚོས་གནང་གི་ཡོད་ཤག་ལ། དེ་ལྟར་གནང་བ་ཡིན་ན། སོ་སོ་ལ་ཡོན་ཏན་འཇགས་ཐུབ་པ་མ་ཟད། ཕུགས་ལ་སོ་སོས་སྦྱངས་པའི་ཡོན་ཏན་དེས་ཕན་ཐོགས་ཆེ་བ་ཡོང་རྒྱུ་ངེས་པ་རེད།
དེ་བཞིན་༸གོང་ས་མཆོག་གིས་གསུངས་པ་བཞིན་སེམས་ཁམས་ཀྱི་འཕྲོད་བསྟེན་ཤིན་ཏུ་གལ་ཆེན་པོ་ཆགས་ཀྱི་ཡོད། དེང་སང་བོད་པའི་སྤྱི་ཚོགས་ནང་ལའང་ཡིད་ཞུམ་དང་དཀའ་ངལ་མི་ཉུང་བ་ཡོད་པ་ར་འཕྲོད་བྱུང་ཡོད། སློབ་ཕྲུག་ཚོས་ནམ་རྒྱུན་དུ་༸གོང་ས་མཆོག་གི་བཀའ་སློབ་ཁག་ཀློག་དགོས། དེ་ལྟར་གནང་བ་ཡིན་ན། སོ་སོའི་བསམ་བློ་གཏོང་ཕྱོགས་བཟང་དུ་འགྲོ་བ་དང་། ལྷག་པར་དུ་སེམས་ལ་དཀའ་ངལ་འཕྲད་སྐབས་༸མགོན་པོ་གང་ཉིད་ཀྱི་བཀའ་སློབ་ཁག་ལྟ་ཀློག་ཉན་གསུམ་བྱས་ན་ཏན་ཏན་ཕན་གྱི་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མི་ཚེའི་སྙིང་པོ་བདེ་སྐྱིད་ཡིན་པའི་བཀའ་སློབ་ལན་མང་ཕེབས་པ་བཞིན། རང་གཞན་ཚང་མར་བདེ་སྐྱིད་ཡོང་བར་སེམས་པ་བཟང་པོ་བྱེད་དགོས། སེམས་པ་བཟང་པོ་ཡོང་བར་གཞན་ཕན་གྱི་ཀུན་ནས་བསླངས་པའི་བྱམས་སྙིང་རྗེར་སློབ་སྦྱོང་བྱེད་དགོས། མི་གཞན་གྱིས་སོ་སོར་བྱམས་པོ་དང་རོགས་པ་བྱས་ན་དགའ་སྣང་དང་། བརྙས་བཅོས་བྱས་ན་སྡུག་སྣང་ཡོང་གི་ཡོད་པ་ལྟར། མི་གཞན་ལའང་དེ་ལྟར་གཅིག་མཚུངས་ཡིན་པ་ཤེས་པ་བྱས་ཏེ། སོ་སོ་ལས་ཆུང་བ་དང་ན་མཉམ་རྣམས་ལ་སེམས་པ་བཟང་པོ་བྱེད་དགོས་པ་དང་། བརྙས་བཅོས་ནམ་ཡང་བྱེད་རྒྱུ་མེད། དེ་ལྟར་གནང་བ་ཡིན་ན། ཁྱེད་རང་ཚོར་གྲོགས་པོ་གྲོགས་མོ་དང་། བྱམས་པོ་བྱེད་མཁན་མང་པོ་རག་སྟེ། སོ་སོའི་ལུས་སེམས་ཀྱི་འཕྲོད་བསྟེན་ལའང་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་གི་རེད།
དོན་ཚན་གཉིས་པ། སློབ་ཕྲུག་ཚོས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་གལ་ཆེན་པོ་ཡིན། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་ངོ་བོ་དང་བླ་སྲོག་ཡིན། ཆོས་དང་རིག་གཞུང་ནི་ང་ཚོའི་སྟོབས་ཤུགས་ཡིན། འོན་ཀྱང་བོད་ནང་བོད་མི་ཚོར་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་རང་དབང་མེད་པ་མ་ཟད། ཆབ་སྲིད་ལ་བསྙད་བཏགས་ཏེ་བཙོན་འཇུག་བྱས་པ་སོགས་ཀྱི་ཉེན་ཁ་ཡོད། ང་ཚོ་བཙན་བྱོལ་རང་དབང་ལུང་པར་བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་གཅེས་ཉར་དང་སྦྱོང་སྤྱོད་སྤེལ་གསུམ་བྱེད་རྒྱུའི་རང་དབང་ཆེན་པོ་ཡོད་སྟབས། ༸གོང་ས་མཆོག་གིས་དུས་རྒྱུན་དུ་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་དང་། ཆོས། རིག་གཞུང་བཅས་སྦྱང་དགོས་པའི་བཀའ་སློབ་རིམ་ཕེབས་བཞིན། ཁྱེད་ཚོས་སྔར་ལྷག་འབད་བརྩོན་གནང་སྟེ་སྦྱང་དགོས།
དོན་ཚན་གསུམ་པ། སློབ་ཕྲུག་ཚོས་དེབ་གང་མང་ཀློག་དགོས། འཛམ་གླིང་གི་མཁས་པ་ཆེན་པོ་རྣམས་ཀྱིས་དེབ་མ་བཀླགས་པར་མཁས་པ་ཆགས་པ་ནམ་ཡང་བྱུང་མེད། མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱིས་སོ་སོའི་ཕྲག་པར་མི་རིགས་ཀྱི་རྩ་དོན་སྒྲུབ་རྒྱུའི་ལས་འགན་འཕར་མ་ཞིག་ཡོད་པ་རྒྱུན་དུ་སེམས་ལ་བཞག་ནས། སློབ་གྲྭའི་དཔེ་མཛོད་དང་། འཛིན་གྲྭའི་དཔེ་མཛོད། ཁྱིམ་ཚང་གི་དཔེ་མཛོད་ཁག་བེད་སྤྱོད་ཡག་པོ་གཏོང་དགོས། ཆུང་དུས་ནས་དཔེ་ཀློག་གི་གོམས་གཤིས་འཇགས་པ་ཡིན་ན། ཁྱེད་ཚོས་མི་ཚེ་ཧྲིལ་པོ་དེབ་མ་ཀློག་པར་སྡོད་ཐུབ་ཐབས་མེད་ལ། དཔེ་ཀློག་ཇི་ཙམ་གྱིས་མང་བ་བྱས་པ་དེ་ཙམ་གྱིས་སོ་སོའི་བསམ་བློའི་གོ་རྟོགས་དང་། བཤད་རྩལ། འབྲི་རྩལ་སོགས་ཇེ་ལེགས་ཇེ་ལེགས་སུ་འགྲོ་ངེས་མ་ཟད། ཕྱོགས་ཡོངས་ཀྱི་ཤེས་ཚད་གོང་མཐོར་འགྲོ་བར་ཕན་ཐོགས་ཆེན་པོ་ཡོང་གི་རེད། དེར་བརྟེན་ཉིན་མ་དེ་རིང་ནས་བཟུང་དཔེ་ཀློག་གོམས་གཤིས་འཇགས་ཐབས་ལ་ངེས་པར་དུ་འབད་བརྩོན་གནང་རོགས།
མཐའ་དོན། ཁྱེད་རྣམས་མ་འོངས་བོད་ཀྱི་སོན་རྩ་ཚད་ལྡན་ཞིག་ཏུ་འགྱུར་བའི་རེ་སྨོན་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་ལྷུན་གྱིས་འགྲུབ་ཅིང་། སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཤུགས་དྲག་དང་བཅས། ཞེས་འཁོད་ཡོད།།