༄༅། །རྒྱ་གར་གྱི་ཨུ་ཏར་པྲ་དེཤ་མངའ་སྡེའི་ནང་སྟོན་པ་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ཡུལ་རྩ་མཆོག་གྲོང་དུ་རྟེན་གཞི་བྱས་པའི་བུདྡྷ་པི་ཇི་མཐོ་སློབ་(Buddha PG College) ཀྱིས་བོད་ཀྱི་ཉིན་མོ་(A Day for Tibet) ཞེས་པའི་དུས་སྟོན་ཞིག་གོ་སྒྲིག་གནང་འདུག མཐོ་སློབ་དེའི་ནང་སྡེ་ཚན་མི་འདྲ་བ་ཁག་བཅུ་གཉིས་ལྷག་དང་སློབ་ཕྲུག་གྲངས་བཞི་སྟོང་ཙམ་ཡོད། དུས་སྟོན་གྱི་མཛད་སྒོའི་ཐོག་བུདྡྷ་པི་ཇི་མཐོ་སློབ་ཀྱི་དབུ་འཛིན་ཟུར་པ་འབུམ་རམས་པ་ཨ་མྲ་ཏཱཾ་ཤུ་ཤུཀླ་(Dr. Amritanshu Shukla) ལགས་ཀྱིས་གཙོས་མཐོ་སློབ་ཀྱི་སློབ་དཔོན་རྣམ་པ་དང་སློབ་ཕྲུག་གསུམ་བརྒྱ་ལྷག དེ་བཞིན་གསར་འགོད་པ་བཅས་མཉམ་ཞུགས་གནང་འདུགདེ་ཡང་ཧིན་དི་སྐད་ཡིག་ཚན་པའི་སློབ་དཔོན་འབུམ་རམས་པ་གཽ་རབ་ཏི་བཱ་རཱི་(Dr. Gaurav Tiwari) ཀྱིས་འཕགས་བོད་བར་གྱི་འབྲེལ་ལམ་སྐོར་དང་། སངས་རྒྱས་པའི་ཆོས་རྒྱ་གར་དུ་ཉམས་ཚར་བ་དེ་དག་བོད་ཀྱི་མཁས་པ་དང་བླ་མ་རྣམས་ཀྱིས་བདག་གཉེར་གནང་ཡོད་ཅིང་། ཕྱིས་སུ་རྒྱ་གར་གྱི་མཁས་པ་རཱ་ཧུལ་སཱཾ་ཀྲྀཏྱཱཡན་(Dr. Rahul Sankritayan) ལགས་ཀྱིས་རྒྱ་གར་དུ་དཔེ་ཆ་ཁག་གཅིག་ཉར་ཚགས་གནང་ཡོད་པ་ཟད། བོད་སྐད་ནས་ལེགས་སྦྱར་སྐད་དུ་བསྒྱུར་ཡོད་སྐོར་གསུངས། མཛད་སྒོའི་སྐུ་མགྲོན་གཙོ་བོ་འབུམ་རམས་པ་ཨ་མྲ་ཏཱཾ་ཤུ་ཤུཀླ་ལགས་ཀྱིས་གོ་སྒྲིག་པས་ཁོང་རང་ཉིད་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་དང་རྒྱ་གར་བར་གྱི་འབྲེལ་ལམ་སྐོར་གྱི་གནས་ཚུལ་ཤེས་རྟོགས་ཙམ་མ་ཡིན་པར་འབྲེལ་ལམ་དེས་འགྲོ་བ་མི་ཕན་ཚུན་ཞི་བདེ་བག་ཕེབས་ངང་མཉམ་གནས་ཐད་ཕན་ཐོགས་ཐུབ་པའི་སྐོར་ཡང་ཤེས་རྟོགས་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས།དེ་ནས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་དུས་སྟོན་མཛད་སྒོ་དེའི་རྒྱབ་ལྗོངས་སྐོར་ངོ་སྤྲོད་དང་། འཕགས་བོད་འབྲེལ་མཐུད་ལས་ཁང་གི་དམིགས་ཡུལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལས་དོན་གནང་ཕྱོགས། གཞིས་བྱེས་བོད་མིའི་མ་འོངས་པའི་རེ་བ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། མཐར་རྩ་མཆོག་གྲོང་གི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Bharat Tibbat Samvad Manch) འབྲེལ་མཐུད་པ་འབུམ་རམས་པ་ཤཱུབ་ལཱལ་ཤཱ་(Dr. Shubhlal Shah) ལགས་དང་། ས་གནས་ཀྱི་རྣམ་རྒྱལ་གྲྭ་ཚང་གི་འབྲེལ་ཡོད་འགན་འཛིན་བསྟན་སྐྱོང་ལགས་རྣམ་གཉིས་ཀྱིས་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམས་ལ་དཀར་གཙང་མཇལ་དར་དང་དྲན་རྟེན་ཕྱག་དེབ་རེ་ཕུལ་ནས་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།