༄༅། །གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༡ ནས་ ༢༢ བར་རྒྱ་ནག་དམར་ཤོག་གཞུང་གིས་ལོ་ན་ ༡༨ ཡན་མ་ལོན་པའི་གཞོན་སྐྱེས་ཚོ་གྲྭ་བ་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། བོད་མདོ་སྨད་མཚོ་སྔོན་ཁུལ་གྱི་དགོན་པ་ཆེ་གྲས་བྱ་ཁྱུང་དགོན་པ་དང་། དྷི་ཚ་དགོན་པ་གཉིས་ནས་གྲྭ་བ་ ༨༠ ཙམ་དགོན་པ་ནས་ཕྱིར་འབུད་བཏང་ཡོད་པ་རེད།
རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་བྱ་ཁྱུང་དགོན་པ་དང་དྷི་ཚ་དགོན་པར་ཡོང་ནས་བྱ་ཁྱུང་དགོན་པའི་གྲྭ་བ་གྲངས་ ༣༠ དང་། དྷི་ཚ་དགོན་པའི་གྲྭ་བ་གྲངས་ ༥༠ བཅས་ཁྱོན་གྲྭ་བ་ ༨༠ ཙམ་རང་ཁྱིམ་དུ་བསྐྱལ་ཡོད་པ་དང་། རྒྱ་ནག་གཞུང་གིས་མདོ་སྨད་མཚོ་སྔོན་བ་ཡན་རྫོང་ཁུལ་དུ་ལོ་ན་ ༡༨ མ་ཟིན་པའི་གཞོན་སྐྱེས་ཚོ་དགོན་པར་ཞུགས་མི་ཆོག་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་ཉེན་རྟོག་པས་བྱ་ཁྱུང་དགོན་དང་ངྷི་ཚ་དགོན་གཉིས་ནས་ཕྱིར་འབུད་བཏང་བའི་དགེ་འདུན་པ་གྲངས་ ༨༠ ལྷག་བསྐྱར་དུ་དགོན་པར་ཡོང་བར་བཀག་འགོག་ཆེད་དུ་དགོན་པའི་ནང་དུ་དམག་མི་བཀྲམ་ནས་ལྟ་སྲུང་བྱེད་བཞིན་ཡོད་པ་དང་། དེ་བཞིན་དགོན་པ་ནས་ཕྱིར་འབུད་བཏང་བའི་དགེ་འདུན་པ་དེ་དག་རང་ཁྱིམ་དུ་འབྱོར་བ་ནས་བཟུང་གྲྭ་ཆས་གྱོན་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་རེད།།