༄༅། །གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཁམས་བྲག་མགོ་དགོན་པའི་དགེ་ལྡན་ནང་བསྟན་སློབ་གྲྭ་རྒྱ་ནག་གཞུང་གིས་སྒོ་བརྒྱབ་པ་དང་། དེ་བཞིན་འཛིན་ཁང་དང་ཉལ་ཁང་སོགས་གཏོར་བཤིག་བཏང་སྟེ་སློབ་མ་ཁག་གཅིག་རང་ཁྱིམ་དུ་ཕྱིར་ལོག་བྱ་དགོས་བྱུང་ཡོད། རྒྱ་ནག་ས་གནས་སྲིད་གཞུང་གིས་བྲག་མགོ་དགེ་ལྡན་ནང་བསྟན་སློབ་གྲྭར་ཡིག་ཆ་ཚད་ལྡན་མེད་ཚུལ་བཤད་དེ་ཕྱི་ལོ་ ༢༠༢༡ ཟླ་༡༠ ཚེས་ ༣༡ ནས་བཟུང་ཉིན་གྲངས་གསུམ་བཞི་ནང་ཚུད་དགེ་ལྡན་ནང་བསྟན་སློབ་གྲྭ་གཏོར་བཤིག་བཏང་སྟེ་སྒོ་བརྒྱབ་རྒྱུའི་བཙན་བཀའ་བཏང་ཡོད་པ་མ་ཟད། ས་གནས་རྒྱ་ནག་གཞུང་གིས་ཕྱི་ཟླ་ ༡༠ ཚེས་ ༣༡ ཙམ་ནས་ཟླ་ ༡༡ ཚེས་༣ ནང་ཚུད་ཙམ་ལ་དགོན་པས་སློབ་གྲྭ་སྒོ་མ་བརྒྱབ་ཚེ། ས་གནས་སྲིད་གཞུང་རང་གིས་སློབ་གྲྭ་གཏོར་བཤིག་གཏོང་རྒྱུ་ཡིན་པ་མ་ཟད། སློབ་གྲྭའི་ཤིང་ཆ་དང་ཅ་དངོས་སོགས་གཅིག་ཀྱང་དགོན་པར་སྤྲོད་རྒྱུ་མིན་པའི་བཙན་བཀའ་བཏང་ཡོད་སྟབས། བྲག་འགོ་དགོན་པའི་ངོས་ནས་སློབ་གྲྭ་དེ་གཏོར་བཤིག་བཏང་དགོས་བྱུང་ཡོད། སློབ་གྲྭའི་ནང་ཉམ་ཐག་སློབ་མ་མང་པོ་ཡོད་པ་དང་། སློབ་གྲྭ་སྒོ་བརྒྱབ་ཡོད་སྟབས་སློབ་གྲྭ་དེའི་ནང་སློབ་གཉེར་བྱེད་བཞིན་པའི་སློབ་མ་མང་པོ་ཞིག་རང་ཁྱིམ་དུ་ལོག་དགོས་བྱུང་ཡོད།དགེ་ལྡན་ནང་བསྟན་སློབ་གྲྭ་དེ། ཕྱི་ལོ་ ༢༠༡༤ ལོར་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པས་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། སློབ་གྲྭའི་ནང་བོད་ཀྱི་བརྡ་སྤྲོད་རིག་པ་དང་། ཨིན་ཡིག རྒྱ་ཡིག བོད་བརྒྱུད་ནང་བསྟན་སོགས་སློབ་ཁྲིད་གནང་གི་ཡོད། སློབ་གྲྭ་དེ་ནི་དགེ་འདུན་པ་རྣམས་ཀྱིས་གནའ་དེང་ཟུང་འབྲེལ་གྱི་བསླབ་པ་སློབ་གཉེར་གནང་སའི་བསྟི་གནས་ལྟ་བུ་ཆགས་ཡོད།།
གསར་གནས།
འབྲེལ་གནས།