༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༤ ཉིན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་དང་ཟུང་འབྲེལ་འབྲེལ་མཐུད་པ་རྣམ་པ། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འབྲེལ་མཐུད་པ་རྣམ་པ་ཚོགས་འདུ་བསྐོང་ཚོགས་གནང་ཡོད། ཚོགས་འདུར་ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་དང་། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་(R.K.Khrimey ) ལགས། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་སྐུ་ཞབས་སུ་རེནྡྲ་ཀུ་མཱར་ (Shri Surendra Kumar) ལགས་དང་སྐུ་ཞབས་ཨར་ཝིནྡ་ནི་ཀོ་སི་(Shri Arvind Nikose) ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ས་གནས་འབྲེལ་མཐུད་པ་རྣམ་པ། འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་བྱེད་རྣམ་པ་བཅས་མཉམ་ཞུགས་གནང་ཡོད།དེ་ཡང་ཚོགས་འདུའི་ཐོག་མར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་བ་དང་འབྲེལ་ཚོགས་འདུའི་གྲོས་གཞི་ཁག་དང་བོད་མིའི་སྒྲིག་འཛུགས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སོ་སོ་ལ་རེ་བ་གང་གནང་གི་ཡོད་སྐོར་གསལ་སྟོན་གནང་ཡོད། དེ་ནས་བོད་ཀྱི་རྒྱལ་གཅེས་པ་རྣམས་དང་། བོད་དོན་བདེན་མཐའ་གསལ་སླད་ལས་འགུལ་གྱི་འགྲུལ་བཞུད་ཁྲོད་འདས་གྲོངས་སུ་གྱུར་བའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱི་ཆེད་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་ཞུས་ཡོད། དེ་རྗེས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་ཁིར་མེ་(R.K.Khrimey )ལགས་ཀྱིས་ངོ་སྤྲོད་གསུང་བཤད་ནང་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་གནས་སྟངས་སྤྱི་དང་། སྒོས་སུ་འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་གི་གནས་སྟངས་སྐོར་དང་། འཕགས་བོད་ས་མཚམས་ཀྱི་གནད་དོན་ནི་བོད་ཙམ་མ་ཟད་རྒྱ་གར་ལའང་གནད་འགག་ཆེན་པོ་ཆགས་ཡོད་པ། དེ་བཞིན་བོད་དོན་ལས་འགུལ་ཤུགས་ཆེ་རུ་གཏོང་བར་གོ་སྐབས་ཡོད་པ། བོད་རྒྱ་གྲོས་མོལ་སླར་གསོ་གནང་དགོས་རྒྱུ་གལ་གནད་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གསུངས།དེ་ནས་ལྡ་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་མཆོག་གིས་གསུང་བཤད་གནང་སྐབས་ལོ་ངོ་སྟོང་ཕྲག་ལྷག་གི་འཕགས་བོད་འབྲེལ་ལམ་དང་། ན་གཞོན་རྣམས་ལ་རྒྱ་གར་དང་བོད་ཀྱི་ལོ་རྒྱུས་ཀྱི་དངོས་ཡོད་གནས་ཚུལ་སྐོར་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས། གཞན་ཡང་ཁོང་གིས་ཚོགས་མི་རྣམས་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་བོད་ཐོག་ལྟ་སྟངས་ཇི་ཡོད་སྐོར་གསལ་སྟོན་གནང་བ་དང་། དེ་བཞིན་བོད་ནང་གི་ཁོར་ཡུག་གི་གནད་དོན་སྐོར་ངོ་སྤྲོད་དང་། བོད་ནང་གི་ཁོར་ཡུག་ཉམས་ཆག་ཏུ་ཕྱིན་པར་བརྟེན་རྒྱ་གར་གྱིས་གཙོས་ཨེ་ཤི་ཡའི་རྒྱལ་ཁབ་གཞན་ཚོར་གནོད་སྐྱོན་ཕོག་ཡོད་པའི་སྐོར་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པས་གོ་སྐབས་དམ་འཛིན་གྱིས་རྒྱ་གར་གྱི་དབུ་ཁྲིད་རྣམ་པ་དང། གྲོས་ཚོགས་ཚོགས་མི་རྣམ་པ། འབྲེལ་ཡོད་མི་སྣ་སོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་སྔར་ལས་ལྷག་སྤེལ་དགོས་པའི་འབོད་སྐུལ་གནང་ཡོད།ཚོགས་འདུའི་གྲོས་གཞིའི་ཐོག་བགྲོ་གླེང་གནང་སྐབས་ཚོགས་མི་རྣམས་ནས་ཕྱི་ལོ་༢༠༢༡ ཟླ་༢ཚེས་༢༧ ཉིན་བྷེང་ལོར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཚོགས་འདུ་ཚོགས་ཏེ་ལག་བསྟར་ཞུས་པའི་ལས་འགུལ་ཁག་ལ་བགྲོ་གླེང་ཞིབ་ཕྲ་གནང་བ་དང་། ཚོགས་མི་རྣམས་ནས་སྔ་ལོར་བོད་དོན་དང་འབྲེལ་བའི་ལས་འགུལ་ཇི་སྤེལ་སྐོར་ལས་བསྡོམས་སྙན་སྒྲོན་ཞུས། དེ་བཞིན་ཚོགས་མི་ཚོས་རང་ཉིད་ཀྱི་དགོངས་ཚུལ་གསུངས་པ་མ་ཟད། དམིགས་བསལ་རྒྱ་གར་མི་མང་དཀྱུས་མའི་ཁྲོད་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་། ད་ལྟ་གནད་འགག་ཆེ་བའི་དུས་སུ་བོད་ཀྱི་གནད་དོན་ཤུགས་ཆེ་རུ་གཏོང་བར་གཞི་རིམ་མང་ཚོགས་ཁྲོད་དུ་ལས་འགུལ་སྤེལ་དགོས་པའི་དགོངས་ཚུལ་གསུངས་ཡོད། ཚོགས་མི་རྣམ་པས་བོད་དོན་ཆེད་རྒྱ་གར་ནང་གི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ལྷན་འབྲེལ་བ་ཞུས་པའི་ཐོག་ལས་དོན་སྔར་ལྷག་སྤེལ་རྒྱུའི་མོས་མཐུན་གནང་ཡོད། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འབྲེལ་མཐུད་པ་གཞོན་པ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་ཚོགས་མི་ཡོངས་ནས་ཏོག་དབྱིབས་གཉན་རིམས་ལ་མ་འཛེམས་པར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་ཚོགས་འདུ་གྲོལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།