༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༧ ནས་ ༢༨ བར་ཉིན་གྲངས་གཉིས་རིང་བྷརཏ་ཏི་བྦཏ་སམནྭཡ་སཾགྷ་ (Bharat Tibbat Samanvaya Sangh) ཞེས་པས་དྲ་ལམ་བརྒྱུད་བོད་དང་བོད་མིའི་ད་ལྟ་དང་མ་འོངས་ཞེས་པའི་བརྗོད་གཞིའི་ཐོག་རྒྱལ་སྤྱི་རང་བཞིན་ལྡན་པའི་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད་པ་དང་། ཚོགས་འདུའི་སྟེང་རྒྱལ་སྤྱིའི་ཐོག་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཉམས་ཞིབ་པ་དང་། ཚན་རིག་པ། སྤྱི་ཚོགས་ཚན་རིག་པ། སྤྱི་ཚོགས་ལས་འགུལ་བ། ཤེས་ཡོན་པ། གསར་འགོད་པ་བཅས་ཀྱིས་སོ་སོའི་ཉམས་ཞིབ་ཀྱི་ཉམས་མྱོང་སྤེལ་རེས་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར། བོད་མིའི་རང་དབང་འཐབ་རྩོད། བོད་མིའི་ཆོས་དང་རིག་གཞུང་། བོད་མིའི་རྩོམ་རིག་གིས་ཚན་རིག་དང་། སྒོམ་གྱི་ཉམས་ལེན། གསོ་བ་རིག་པའི་ཐོག་གཞོགས་འདེགས་ཇི་ལྟར་བྱེད་ཚུལ་སོགས་ཀྱི་སྐོར་བགྲོ་གླེང་གནང་ཡོད།
དེ་ཡང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཚོགས་འདུ་དབུ་འབྱེད་སྐབས་འཕགས་བོད་གཉིས་ཀྱི་མཐུན་སྒྲིལ་དང་། འདྲ་མཉམ། བདེ་འཇགས་བཅས་ཀྱི་གལ་གནད་དང་། ལྷག་པར་འཕགས་བོད་གཉིས་ཀྱི་གནའ་དེང་གི་འབྲེལ་བའི་སྐོར། བོད་མིའི་ནང་པའི་རིག་གཞུང་རྒྱ་གར་འཕགས་པའི་ཡུལ་ནས་བོད་ལ་དར་ཏེ་བོད་མིའི་ངོ་བོའི་གྲུབ་ཆ་གལ་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། བོད་མིའི་ཆབ་སྲིད་དང་། རྒྱལ་རབས་ལོ་རྒྱུས། སྒྱུ་རྩལ། གསོ་རིག་སོགས་ཀྱི་ཆ་ཤས་གལ་ཆེན་ཞིག་ཆགས་ཡོད་པ་སོགས་ཀྱི་སྐོར་གསུངས། གཞན་ཡང་ཕྱི་དྲིལ་བཀའ་བློན་མཆོག་གིས་གནའ་བོ་རྒྱ་གར་གྱི་ནང་པའི་མདོ་སྔགས་གཉིས་ཀ་བོད་བརྒྱུད་ནང་བསྟན་གྱི་དཔེ་ཆ་ཁག་གི་ནང་ཆ་ཚང་བ་ཡོད་པ་མ་ཟད། བོད་མི་ཚོས་ཉམས་ལེན་གནང་གི་ཡོད་པ་དང་། དེ་བཞིན་བོད་ཀྱི་ཡི་གེ་དང་སྒྱུ་རྩལ། གསོ་རིག་བཅས་རྒྱ་གར་གྱི་རིག་གཞུང་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པའི་སྐོར་གསུངས།ཕྱོགས་མཚུགས་བཀའ་བློན་མཆོག་གིས་བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལ་ཧ་ཅང་ཉེ་པོ་གནང་གི་ཡོད་པ་མ་ཟད། མགོན་པོ་གང་ཉིད་ཀྱིས་རྒྱུན་དུ་རྒྱ་གར་ནི་ཆོས་ལུགས་མཐུན་སྒྲིལ་གྱི་མིག་དཔེ་ལྟ་ས་ཞིག་ཡིན་པ་དང་། དེང་རབས་འཛམ་གླིང་གི་དཀའ་རྙོག་སེལ་བར་རྒྱ་གར་གྱི་གནའ་བོའི་རིག་གཞུང་དེ་དག་ཧ་ཅང་དགོས་མཁོ་ཆགས་ཡོད་པའི་སྐོར་བཀའ་སློབ་ཕེབས་བཞིན་པའི་སྐོར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་དང་བྱམས་སྙིང་རྗེ་གོང་མཐོར་མཛད་བཞིན་པ་དེར་འཛམ་གླིང་མི་མང་གིས་ཧ་ཅང་དགའ་མོས་གནང་གི་ཡོད་པ་སོགས་ཀྱི་སྐོར་གསུངས།
གཞན་ཡང་སློབ་དཔོན་མ་ནོཇ་ཌིག་ཤི་ཏི (Prof. Manoj Dixit) ལགས་ཀྱིས་བགྲོ་གླེང་གི་གལ་གནད་དང་ལས་འགན་སྐོར་གསུངས་པ་དང་། རྒྱ་གར་གྱི་མཁའ་དམག་སྤྱི་ཁྱབ་ཟུར་པ་ཨོ་པི་ཏི་བཱ་རཱི་ (Mr. O. P. Tiwari) ལགས་ཀྱིས་བོད་ཀྱི་བདེ་འཇགས་དང་བོད་ཇི་ལྟར་རྒྱ་གར་ལ་གལ་ཆེན་པོ་ཆགས་ཡོད་པའི་སྐོར་གསུངས། རྒྱ་གར་གྱི་མཁའ་དབྱིབས་ཉམས་ཞིབ་ཚོགས་པའི་ཚན་རིག་པ་ཟུར་པ་ཤི་ཝ་སུ་བྷྲ་མ་ཎི་ཡམ་ ( Dr. N. Shiva Subramaniam ) ལགས་ཀྱིས་བོད་ཀྱི་འཕེལ་རྒྱས་སྐོར་གསུངས། དེ་བཞིན་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་མ་འོངས་པར་ཐེངས་འདིའི་ཚོགས་འདུ་ལྟ་བུ་འཚོགས་དགོས་པའི་གལ་གནད་སྐོར་གསུངས། ཨ་རི་ནས་ཡིན་པའི་སྨན་པ་ཕུན་ཚོགས་སྒྲོལ་མ་ལགས་དང་ལྡེ་ར་ལྡུན་ནས་ཡིན་པའི་སྨན་པ་པདྨ་རྣམ་གྲོལ་ལགས་ཀྱིས་བོད་ཀྱི་གསོ་རིག་སྐོར་གསུངས། སུད་སིའི་སྐུ་ཚབ་དོན་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གསུངས། བོད་མིའི་རང་དབང་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་འཕགས་བོད་གཉིས་ཀྱི་ས་མཚམས་སྐོར་གསུངས།
ཐེངས་འདིའི་བགྲོ་གླེང་ཐོག་འཛམ་གླིང་གི་ས་ཕྱོགས་ཁག་ནས་མི་གྲངས་ ༡༢༨ ཙམ་མཉམ་ཞུགས་སླད་ཐོ་འགོད་གནང་ཡོད་པ་བཅས།།