༄༅། །ཕྱི་ལོ་༢༠༢༡ ཟླ་༡༡ ཚེས་༡༤ ཉིན་གྱི་དགོང་དྲོར་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་དྲུང་ཆེ་བཀྲ་ཤིས་དོན་གྲུབ་ལགས་གཉིས་ཨ་རིའི་ཝིར་ཇི་ནི་ཡ་མངའ་སྡེའི་ནང་ལོ་འཁོར་ཉིན་མོ་ཐེངས་བཞི་པ་(4th Annual Day) དང་དཱི་པ་ཝ་ལི་(Deepavali) དུས་སྟོན་གྱི་མཛད་སྒོར་མཉམ་ཞུགས་གནང་ཡོད། དུས་སྟོན་མཛད་སྒོ་དེ་བཞིན་སྐུ་ཞབས་ཏི་ཝ་རི་(Shri Tiwari) ལགས་དང་ཨ་རི་ནང་ཡོད་པའི་རྒྱ་གར་གཞུང་ཚབ་ཆེན་མོ་སྐུ་ཞབས་ཀ་པུར་(Kapur)ལགས་གཉིས་ཀྱིས་དབུ་ཁྲིད་པའི་ཨ་རི་ཧིན་དུ་མཉམ་སྦྲེལ་ཚོགས་པས་(American Hindu Coalition)གོ་སྒྲིག་གནང་བ་ཞིག་ཡིན། སྐུ་ཞབས་ཀ་པུར་ལགས་ཀྱིས་དེ་སྔ་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་དང་། ཀམ་པོ་ཌི་ཡཱའི་(Cambodia)ནང་རྒྱ་གར་གཞུང་ཚབ་ཆེན་མོ་གནང་མྱོང་ཡོད། མཛད་སྒོར་འབར་མ་དང་། ཤྲི་ལང་ཀཱ། གུ་ཡཱ་ནཱ། བལ་ཡུལ། རྒྱ་གར་བཅས་ཀྱི་གཞུང་ཚབ་ཆེན་མོ་སོགས་མཉམ་ཞུགས་ཀྱིས་གསུང་བཤད་གནང་ཡོད།དེ་ཡང་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཚང་མར་དཱི་པ་ཝ་ལིའི་འཚམས་འདྲི་ཞུས་གནང་བ་དང་འབྲེལ་རྒྱ་གར་གཞུང་མང་གཉིས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིར་དམིགས་བསལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད། གཞན་ཡང་ཁོང་གིས་བོད་མི་རྣམས་ཀྱིས་རྟག་ཏུ་རྒྱ་གར་ལ་འཕགས་པའི་ཡུལ་ཞེས་འབོད་བཞིན་ཡོད་པ་མ་ཟད། རྒྱ་གར་ནི་པཎྜི་ཏ་དང་གྲུབ་ཐོབ་འཁྲུངས་སའི་ཡུལ་དུ་ངོས་འཛིན་ཞུ་བཞིན་ཡོད་པའི་སྐོར་དང་། རྒྱ་གར་གྱི་པཎྚི་ཏ་དང་གྲུབ་ཐོབ་དུ་མ་དུས་རབས་བརྒྱད་པའི་ནང་བོད་དུ་ཞབས་ཀྱིས་བཅགས་ཏེ་བོད་གངས་ཅན་ལྗོངས་སུ་ནང་བསྟན་དར་འཕེལ་གནང་བ་དང་མཛད་པ་རླབས་པོ་ཆེ་བསྐྱངས་ཡོད་སྐོར་གསུངས།མཛད་སྒོའི་སྐུ་མགྲོན་དུ་ཨ་རིའི་རོགས་ཚོགས་(USAID)ཀྱི་འཛིན་སྐྱོང་ལས་རོགས་གཞོན་པ་སྐུ་ཞབས་ཁི་རག་ཧར་ཊི་(Craig Hart) ལགས་དང་། དེ་བཞིན་ཨ་རི་གཞུང་གི་གནད་ཡོད་མི་སྣ་སོགས་ཕེབས་ཡོད། སྭཱ་མཱི་ཨ་ཏུ་ཏ་མ་པྲ་བྷུ་(Swami Anuttama Prabhu) ལགས་ཀྱིས་ཤིས་བརྗོད་དང་བཅས་མཛད་སྒོ་དབུ་འཛུགས་ཞུས་ཤིང་། དེ་རྗེས་སྙན་གྲགས་ཅན་གྱི་རོལ་མོ་བ་ཝི་དུ་ཤི་ཨ་ཏིབ་ལཻ་ལ་(Vidhushi Atif Laila) ལགས་ཀྱིས་སི་ཏར་རོལ་དབྱངས་བཏང་བ་དང་། མོ་ནིར་ཧོ་སིན་(Monir Hossain)ལགས་ཀྱིས་ཏབ་ལའི་སྒྲ་དབྱངས་བཏང་སྟེ་ཚོགས་བཅར་བ་ཀུན་ཡིད་ཚིམ་དུ་བཅུག་ཡོད། དེ་རྗེས་ཨ་རི་ཧིནྡུ་མཉམ་སྦྲེལ་ཚོགས་པའི་ཚོགས་གཙོ་དང་ཟུང་འབྲེལ་ཚོགས་གཙོ་ནས་རིགས་རྒྱུད་རྒྱ་གར་བ་ཡིན་པའི་ཨ་རིའི་མི་སེར་རྣམས་ཀྱིས་ཨ་རིར་ཞབས་འདེགས་ཇི་ཙམ་བསྒྲུབས་ཡོད་སྐོར་འགྲེལ་བརྗོད་དང་། ད་ལྟའི་ཆར་ཨ་རིའི་ནང་རིགས་རྒྱུད་རྒྱ་གར་བ་ཡིན་པའི་ཨ་རིའི་མི་སེར་གྱི་མི་འབོར་ས་ཡ་ལྔ་ཙམ་ཡོད་པ་སོགས་ཀྱི་སྐོར་གསུངས། མཛད་སྒོའི་མཇུག་ཏུ་སྐུ་མགྲོན་དང་ཚོགས་བཅར་བ་ཡོངས་ལ་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུས་ཏེ་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།