༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༥ ཉིན་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་རྒྱལ་སྤྱིའི་བུད་མེད་ཚོར་དྲག་སྤྱོད་སྤོང་བའི་ཉིན་མོ་ (International Day for the Elimination of Violence against Women) སྲུང་བརྩིའི་ལས་རིམ་ཞིག་གོ་སྒྲིག་གནང་ཡོད་པ་དང་། རྒྱལ་སྤྱིའི་བུད་མེད་ཚོར་དྲག་སྤྱོད་སྤོང་བའི་ཉིན་མོའི་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དབུས་འོས་བསྡུ་ལས་ཁང་གི་འགན་འཛིན་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་ལགས། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་དྲུང་ཆེ་དང་སྲི་ཞུའི་ལས་བྱེད་རྣམ་པ། གཞན་ཡང་གསུང་བཤད་གནང་མཁན་མི་སྣ་བཞི་བཅས་མཉམ་ཞུགས་གནང་འདུག
དེ་ཡང་ཐོག་མར་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འགན་འཛིན་ཚེ་རིང་སྐྱིད་ལགས་ཀྱིས་རྒྱལ་སྤྱིའི་བུད་མེད་ཚོར་དྲག་སྤྱོད་སྤོང་བའི་ཉིན་མོའི་སྐོར་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། བུད་མེད་ལ་གདུག་རྩུབ་གཏོང་མཁན་བུད་མེད་ཁྲོད་དུ་ཡོད་སྲིད་ཀྱང་བུད་མེད་ལ་གདུག་རྩུབ་གཏོང་མཁན་གཙོ་བོ་སྐྱེས་པ་ཕོ་རྣམས་ཆགས་ཡོད། དེར་བརྟེན་དེ་རིང་གི་མཛད་སྒོར་སྲི་ཞུའི་ལས་བྱེད་སྐྱེས་པ་ཕོ་རྣམས་ངེས་པར་ཡོང་དགོས་པ་རེད་ཅེས་ཞུ་རྒྱུ་བྱུང་། སྤྱིར་སློབ་གྲྭ་དང་ཁྱིམ་ཚང་སོགས་ཀྱི་ནང་ཕྲུ་གུ་བུ་མོར་གདུག་རྩུབ་གཏོང་མཁན་རིགས་ཡོང་གི་ཡོད། དེ་བཞིན་སྤྱི་ཚོགས་ནང་དུའང་ཕོ་མོའི་དབྱེ་བ་ཕྱེ་ནས་བུ་མོར་གདུག་རྩུབ་གཏོང་མཁན་ཡོང་གི་ཡོད། སྤྱིར་བཏང་འཛམ་བུ་གླིང་གི་ལུང་པ་གཞན་དང་བསྡུར་ན་བོད་པའི་སྤྱི་ཚོགས་ནང་བུད་མེད་ལ་ཆེ་མཐོང་དང་བཟོད་བསྲན་ཏོག་ཙམ་ཡག་པ་ཡོད། གཙོ་བོ་བསམ་བློའི་འཁྱེར་སོ་རེད། བསམ་བློའི་འཁྱེར་སོ་ནང་འདྲ་མཉམ་གྱི་བསམ་བློ་ཆུང་དུས་ནས་འཁྱེར་ཐུབ་པ་ཡིན་ན་གཅིག་གིས་གཅིག་ལ་གུས་བཀུར་དང་ཆེ་མཐོང་ཡོང་གི་རེད། གཅིག་གིས་གཅིག་ལ་ཆེ་མཐོང་མེད་སྟབས་རྐང་པ་དང་ལག་པས་ཉེས་རྡུང་གཏོང་རྐྱང་བྱེད་ཀྱི་ཡོད།
ཁྱིམ་ཚང་ནང་ཡིན་ནའང་བཟའ་ཟླ་དབར་ལས་ཀ་ཆ་བགོས་བརྒྱབ་པ་ཡིན་ན་དྲག་རྩུབ་ཉུང་དུ་ཡོང་གི་རེད། གཙོ་བོ་ནང་བསམ་བློའི་འཁྱེར་སོ་དེ་འགྱུར་བ་གཏོང་དགོས། ཕོ་ཡིས་བུ་མོ་ཞིག་ལ་ཉེས་རྡུང་བཏང་བ་ཡིན་ན་དེར་དཔའ་བློ་ཁོག་རྩི་ཡི་མ་རེད། མ་འོངས་པར་བུ་མོར་བཙན་གཡེམ་དང་གདུག་རྩུབ་སོགས་བཏང་བ་ཡིན་ན་ཉེན་རྟོག་པར་རྩིས་སྤྲོད་དགོས་པ་རེད་མ་གཏོགས་ཡར་མར་སྐད་ཆ་བཤད་རྒྱུ་ལྷག་ཡོད་པ་མ་རེད་བསམ་གྱི་འདུག ཉེས་ཅན་ཁྲིམས་ཁང་ལ་ཞུ་གཏུག་བྱེད་དགོས་ཚེ་དཔང་རྟགས་སྟོན་དགོས་པ་ཆགས་ཡོད་སྟབས་དཔང་རྟགས་ངེས་པར་ཉར་ཐུབ་པ་དགོས། བོད་པའི་སྤྱི་ཚོགས་ནང་བུད་མེད་ལ་གདུག་རྩུབ་གཏོང་མཁན་ག་ཚོད་ཡོང་གི་ཡོད་པའི་སྐོར་གྲངས་ཐོ་ཉར་དགོས་པ་གལ་ཆེན་པོ་ཆགས་ཡོད། བུད་མེད་ལ་གོ་སྐབས་བསྐྲུན་དགོས་པ་གལ་ཆེན་པོ་རེད། བུད་མེད་ཚོས་ཀྱང་གོ་སྐབས་དམ་འཛིན་གྱིས་གོ་སྐབས་ལེན་དགོས་པ་གལ་ཆེན་པོ་ཆགས་ཡོད། སྲི་ཞུའི་ལས་བྱེད་རྣམ་པས་འགན་ཁུར་ཡོད་པའི་ཐོག་ཕོ་མོ་དབྱེ་བ་མེད་པར་སློབ་གསོ་གནང་དགོས་པའི་འགན་ཡོད། མ་མཐོང་མདོག་མདོག་བྱས་པ་ཡིན་ན་སོ་སོ་ཡིས་ཀྱང་བུད་མེད་ལ་གདུག་རྩུབ་གཏོང་གི་ཡོད་པ་མཚོན་གྱི་ཡོད། སྤྱི་ཚོགས་ནང་བྱམས་སྙིང་རྗེ་བསྐྲུན་དགོས་ན་བུད་མེད་ཚོས་འགན་མང་ཙམ་འཁུར་དགོས། ཞེས་གསུངས།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་བཅུ་དྲུག་པའི་བཀའ་བློན་བུད་མེད་གསུམ་བདམས་ཐོན་བྱུང་ཐུབ་ཡོད་པའི་སྐོར་དང་། སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་བཀའ་སློབ་ལམ་སྟོན་ལ་བརྟེན་ནས་ང་ཚོ་བོད་པའི་སྤྱི་ཚོགས་ནང་སྔར་དང་མ་འདྲ་བར་ཕོ་མོ་འདྲ་མཉམ་གྱི་གནས་སྟངས་གང་ལ་གང་འཚམ་ཡར་རྒྱས་ཕྱིན་ཡོད། ཅེས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།དེ་རྗེས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་དོན། རྒྱ་གར་འཚེ་མེད་ཞི་བ་དང་སྤྱི་ཚོགས་ལས་འགུལ་བ་སྐུ་ཞབས་དམ་པ་ཨཅཱརྱ་ཝེ་ནོ་བ་ བྷ་ཝེ་ (Acharya Vinoba Bhave) མཆོག་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་ཅིག་གི་ནང་། སྡིག་པ་དང་ན་ཚ་གཉིས་ཇི་ཙམ་སྦས་པ་ཡིན་ན། དེ་ཙམ་གྱིས་དེ་སྡུག་ཏུ་འགྲོ་གི་རེད་ཅེས་གསུངས་འདུག སྤྱིར་བུད་མེད་ལ་རྩུབ་སྤྱོད་བྱས་པ་དེ་སྡིག་པ་ཞིག་རེད་ལ། སྤྱི་ཚོགས་ཀྱི་ན་ཚ་ཞིག་ཀྱང་ཆགས་བསྡད་ཀྱི་ཡོད། དེ་འདྲའི་ཐོག་ནས་སོ་སོ་རང་ཉིད་ལ་དེ་འདྲའི་རྩུབ་སྤྱོད་མྱངས་ཡོད་ན། དེ་བཤད་དགོས་པ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་ཡོད་པ་མ་ཟད། རང་ཉིད་ལ་དེ་འདྲའི་རྩུབ་སྤྱོད་བྱུང་མེད་ནའང་། དེའི་ཉེ་འཁོར་ལ་བྱུང་བསྡད་པ་དེ་ཚོ་བཤད་ཐུབ་པའི་གདེང་ཚོད་དང་། བློ་ཁོག་མེད་པ་ཚོའི་ཚབ་བྱེད་དགོས་པའང་གལ་ཆེན་པོ་ཆགས་ཀྱི་ཡོད། དེ་བྱས་པ་ཡིན་ན་སྤྱི་ཚོགས་ནང་གོ་རྟོགས་འཕེལ་གྱི་རེད་ལ། སྤྱི་ཚོགས་ནང་དེ་དང་འབྲེལ་བའི་གནད་དོན་ཡོང་བའི་སྐབས་ལ་སྔོན་འགོག་བྱེད་ཐུབ་རྒྱུར་ཐུགས་ཕན་གསོས་ཀྱི་རེད། སྤྱིར་བཏང་ལུས་ལ་རྩུབ་སྤྱོད་དང་། ངག་གི་རྩུབ་སྤྱོད། བསམ་བློའི་རྩུབ་སྤྱོད་བཅས་ཀྱི་ཐོག་ལ་གོང་ནས་བཀའ་མོལ་མང་པོ་ཞིག་གནང་སོང་།གཞན་རྩུབ་སྤྱོད་གཅིག་གང་རེད་ཅེས་ཞུས་ན། ཕྲུ་གུ་ཞིག་ལ་ཁྱིམ་ཚང་ཞིག་གི་བརྩེ་བ་དང་འཚར་ལོངས་ཀྱི་མཐུན་རྐྱེན་མ་རག་པ་ཡིན་ན། དེའང་རྩུབ་སྤྱོད་ཅིག་ཆགས་བསྡད་ཀྱི་ཡོད་རེད། ཁོང་ཚོའི་ཐོག་ལ་སུས་འགན་བཞེས་ཀྱི་རེད་དམ། ཁོང་ཚོར་ཕ་མ་མེད་པར་མ་ཟད། བརྩེ་བ་ནི་དེ་བས་ཀྱང་རག་གི་ཡོད་མ་རེད། སྤྱི་ཚོགས་ནང་ལ་ཆེ་མཐོང་དང་ངོས་འཛིན་ཙམ་ཡང་མེད་པའི་ན་གཞོན་ལྷག་བསྡད་པ་དེ་ཚོར་ང་ཚོས་ཇི་ལྟར་བདག་པོ་བརྒྱབ་དགོས་ཀྱི་རེད་ཅེས་པའི་དྲི་བ་དེ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། ཕ་མ་དང་གཉེན་ཚན་སོགས་གང་ཡང་མེད་པ་སྤྱི་ཚོགས་ནང་མཐའ་ལ་ལྷུངས་བསྡད་པའི་དགོས་ངེས་ཅན་དེ་ཚོར་ང་ཚོས་བདག་པོ་བརྒྱབ་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གྱི་འདུག རྩ་བའི་མི་ཟེར་མཁན་དེ་ཉོན་མོངས་དུག་གསུམ་ལས་གྲུབ་པ་ཞིག་ཡིན་དུས། རྩུབ་སྤྱོད་དེ་འཛམ་གླིང་ནང་ནས་གཅིག་ཀྱང་མེད་པ་ཞིག་བཟོ་ཐུབ་རྒྱུ་ཁག་པོ་ཞེ་དྲག་རེད་དེ། གང་ཉུང་ཉུང་བཟོ་རྒྱུར་ཐབས་ཤེས་བྱེད་དགོས་པ་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གྱི་འདུག་ཅེས་གསུངས།དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས། སྔོན་མ་ཁོང་གིས་དགེ་རྒན་གྱི་ཕྱག་ལས་གནང་བའི་སྐབས། སློབ་གྲྭའི་ནང་རྩུབ་སྤྱོད་ཇི་ལྟར་བྱུང་གི་ཡོད་པའི་སྐོར་འགྲེལ་བརྗོད་དང་། ཕ་མ་ཚོས་སོ་སོའི་ཕྲུ་གུའི་འཚར་ལོངས་ལ་རྒྱུན་ཏུ་ནས་དོ་སྣང་བྱེད་དགོས་པ་མ་ཟད། ཕྲུ་གུའི་འཚར་ལོངས་ཡག་པོ་ཡོང་བར་ཕ་མ་ནང་ཁུལ་འཆམ་མཐུན་དགོས་པ། ཕྲུ་གུས་ཕ་མར་དྲི་བ་གང་བཏང་ནའང་དེར་ངོས་བཞེས་གནང་སྟེ། ཕྲུ་གུ་དང་ཕ་མའི་དབར་ཡིད་ཆེས་སླེབས་ཐུབ་པ་བཟོ་དགོས་པའི་གལ་གནད། ཕྲུ་གུའི་སྡུག་བསྔལ་བཤད་ས་དེ་ནང་ཁྱིམ་ཚང་ལ་ཁ་ཕྱོགས་བསྒྱུར་ཐབས་བཟོ་དགོས་ཞེས་དང་། ལྷག་པར་དུ་བོད་མི་རིགས་ཆགས་འཇིག་ལ་གནས་པའི་སྐབས་འདིར། ཕྲུ་གུ་གསོ་སྐྱོང་ཡག་པོ་གནང་རྒྱུ་ནི་མི་རིགས་ཀྱི་འཐབ་རྩོད་ཀྱི་ལས་འགན་ཞིག་ཡིན་བསམས་ནས། ལས་བྱེད་རྣམ་པས་སོ་སོའི་ཁྱིམ་ཚང་ཙམ་མ་ཡིན་པར། ཉེ་འཁོར་ལ་ཡོད་པའི་མ་ཤེས་པ་ཚོར་བསླབས་ནས་སྤྱི་ཚོགས་ནང་འགྱུར་བ་གཏང་རྒྱུའི་འགན་ཁུར་དགོས་ཞེས་དང་།གཞན་ཡང་དཔལ་ལྡན་ཚོགས་གཞོན་མཆོག་གིས་འགོ་འཁྲིད་ཟེར་ན་དམིགས་ཚད་ཡོད་པ་ཞིག་དང་། དམིགས་ཚད་ཡོད་པ་གཞིར་བཟུང་འཆར་གཞི་སྒྲིག་ཐུབ་མཁན། འཆར་གཞི་བསྒྲིགས་པ་ནང་བཞིན་མཉམ་འཁྲིད་ཐུབ་མཁན་ཞིག་དགོས་པ་དང་། ཁྱིམ་ཚང་ཞིག་གི་ནང་ཕ་མ་དེ་འགོ་འཁྲིད་ལྟ་བུ་ཆགས་ཀྱི་ཡོད་དུས། སོ་སོའི་ཕྲུ་གུའི་འཚར་ལོངས་དང་། སེམས་ཁམས་ལ་རྒྱུན་ཏུ་ནས་དོ་སྣང་བྱེད་དགོས་པ། བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ནང་ཕྲུ་གུའི་འཚར་ལོངས་ལ་ཕ་མ་གལ་ཆེན་པོ་ཡིན་པ་གསལ་ཡོད་པ་ལྟར་ཚང་མས་དེའི་ཐོག་དོ་སྣང་གནང་དགོས་པ་སོགས་ཀྱི་སྐོར་གསུངས་གནང་སོང་། ཕྱོགས་མཚུངས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་མར་ཐ་ཧྥར་རེལ་ཐེབས་རྩ་ཁང་ (Martha Farrell Foundation) གི་སློབ་སྟོན་པ་ལྕམ་སྐུ་ནཱན་དྷི་ཏ་བྷཌ་ (Nandita Bhatt) ལགས་དང་། ཕྱི་དྲིལ་ལས་ཁུངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས། གྲོགས་མོ་ཚོགས་པའི་འགན་འཛིན་སྐལ་བཟང་ལགས་བཅས་ནས་གསུང་བཤད་གནང་ཡོད་པ་བཅས། །