༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༨༥ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་རྣམ་གཉིས་ཡིན།
དེ་ཡང་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༡ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༢ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༦༥ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༢༠༡ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༢༦༦ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་ ༥༦༩༩༨ ལ་རིན་མེད་བགོ་འགྲེམས་གནང་ཡོད། འདས་པའི་བདུན་ཕྲག་ནང་མི་གྲངས་ ༡ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༦ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༢ བཅས་ཀྱི་བོད་མི་གྲངས་ ༡༡༡༡ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༤༥༣༡༣ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༥༠༦༤ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༤༨ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༦༩༨༠ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་གྲངས་ ༤༦ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༣༨ དང་། བུད་མེད་གྲངས་ ༨ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༩༢ དང་ཆུང་ཤོས་དེ་ལོ་ ༣ ཡིན། བློ་ཕམ་པའི་གནས་ཚུལ་ཞིག་ལ་བདུན་ཕྲག་འདིའི་ནང་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་མི་གྲངས་ ༢ འདས་གྲོངས་སུ་གྱུར་ཡོད།
ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༨༡༥ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༦༦༠༧། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༥༧། ད་ལྟ་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༥༡ ཡོད་པ་ཕལ་ཆེ་བ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་རྡ་ས། ཀོ་ལི་གྷལ། ལ་དྭགས། བལ་ཡུལ། མོན་གྷོ། ཏེ་ཛུ། ཨོ་ཌི་ས་ཁུལ་ནས་རེད་འདུག
རྒྱ་གར་མངའ་སྡེ་མང་པོའི་ནང་སློབ་གྲྭ་འགོ་འཛུགས་གནང་ཡོད། ཉེ་ཆར་ཧི་མཱ་ཅལ་ནང་གཞི་རིམ་སློབ་གྲྭ་འགོ་འཛུགས་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་ལྟར། བོད་པའི་སློབ་གྲྭ་ཁག་སྒོ་འབྱེད་ཀྱི་ཡོད་པའི་གནས་སྟངས་ཆགས་ཀྱི་ཡོད་པར་བརྟེན། དམའ་རིམ་སློབ་གྲྭ་འགོ་ཚུགས་པའི་སྐབས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་ཚན་པ་ཡོངས་ཀྱི་ངོས་ནས་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་གི་བྱེད་སྒོ་དེ་དག་ལ་དོ་སྣང་གནང་དགོས་སྐོར་དང་། སློབ་ཕྲུག་རྣམས་ལ་གོ་རྟོགས་སྤེལ་རྒྱུ་སོགས་ནི་གལ་ཆེན་པོ་ཆགས་ཀྱི་ཡོད། གཞན་ཡང་ཕ་མའི་ངོས་ནས་འགན་འཁུར་ཆེ་ཙམ་བཞེས་དགོས་པ་དང་། རང་སོ་སོའི་ཕྲུ་གུ་སློབ་གྲྭར་བསྐྱོད་པའི་སྐབས་ཁ་རས་དང་དུག་སེལ་སོགས་བསྐུར་དགོས། དེ་བཞིན་ཕྱི་མི་ངོ་མི་ཤེས་པ་རྣམས་དང་ཐུག་འཕྲད་གནང་མི་དགོས་པ་སོགས་རྒྱང་ཐག་བཞག་དགོས་པའི་ཐད་ཐུགས་སྣང་གནང་དགོས། འཛིན་ཁང་དང་གསོལ་ཚིགས་ཁང་སོགས་ཀྱི་ནང་རླུང་འགྲོ་ཡག་པོ་དགོས་ཀྱི་ཡོད། ཕྲུ་གུར་ཆམ་པའི་ནད་རྟགས་མངོན་ཚེ་ངེས་པར་བརྟག་དཔྱད་བྱེད་དགོས་སྐོར་སོགས་གསུངས།
མཐར་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་དོན། ད་ཆ་རྒྱ་གར་ནང་ (Dengue) ནད་རིགས་ཁྱབ་བཞིན་འདུག སྤྱིར་ (Dengue) ནད་རིགས་ཞེས་ཆར་དུས་ཟིན་པའི་རྗེས་ན་ཚ་ལངས་ཀྱི་ཡོད། ད་བར་རྒྱ་གར་གྱི་ས་གནས་ (Rajastjan) ནང་(Dengue) ནད་རིགས་ཀྱི་གྲངས་འབོར་མཐོ་ཤོས་ཆགས་འདུག ས་གནས་དེར་ (Dengue) ནད་རིགས་ར་འཕྲོད་པ་སྟོང་ཕྲག་བཅུ་གསུམ་བྱུང་ཡོད་པའི་ཁྲོད་ནས་ཁྱོན་མི་གྲངས་ ༥༨ འདས་གྲོངས་སུ་གྱུར་ཡོད། ཕྱོགས་མཚུངས་འདི་ལོར་ལྡི་ལི་ནང་ཁྱོན་མི་གྲངས་ ༢༧༠༨ (Dengue)ནད་རིགས་བྱུང་བ་དང་། བདུན་ཕྲག་འདིའི་ནང་ཁྱོན་མི་གྲངས་ ༡༡༧༠ ནད་རིགས་ཕོག་ཡོད། མི་ ༩ འདས་གྲོངས་གྱུར་ཡོད། རྡ་སའི་ས་ཁུལ་ཉེ་ཤོས་ཅན་དྷི་གྷར་ (Mohali) ཁུལ་གྱི་ནང་ནད་པ་ ༦༩ དང་མི་གྲངས་ ༢ འདས་གྲོངས་སུ་གྱུར་ཡོད། རྒྱལ་ས་ཆེ་བ་ཁག་ནང་དུ་ནད་རིགས་ཕོག་མཁན་མང་བ་བྱུང་ཡོད། ས་གནས་དེ་རིགས་ནང་བོད་མི་གནས་སྡོད་བྱེད་མཁན་མང་པོ་ཡོད་པ་དང་ཁག་གཅིག་དགུན་ཚོང་དུ་སླེབས་ཡོད་པ་བཅས་ཀྱི་ཁོངས་ནས་བོད་མི་ཁ་ཤས་ (Dengue) ནད་རིགས་ཕོག་པའི་གནས་ཚུལ་གོ་ཐོས་བྱུང་བར་བརྟེན་ཚང་མས་གཟབ་གཟབ་གནང་རོགས།
རྒྱ་གར་གྱི་སྔོན་ཁབ་བརྒྱབ་ཟིན་པའི་ལག་འཁྱེར་དེ་རྒྱལ་ཁབ་༩༦ཙམ་གྱིས་ངོས་ལེན་བྱེད་ཀྱི་འདུག བོད་མི་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པ་ནི་ཨ་རི་དང་། ཁེ་ན་ཌ། ཕ་རན་སི། ཨིན་ཡུལ། འཇར་མན།འབེལ་ཇི་ཡམ།སུད་སི།བལ་ཡུལ།ཨོ་སི་ཀྲི་ལ་ཡ་བཅས་ཀྱིས་རྒྱ་གར་གྱི་འགོག་ཁབ་བརྒྱབ་ཟིན་པའི་ལག་འཁྱེར་ངོས་ལེན་བྱ་རྒྱུར་གྲོས་ཆོད་བཞག་འདུག ད་ཆ་གནམ་གཤིས་འགྱུར་བ་ཐེབས་ཀྱི་ཡོད་སྟབས་ཆམ་པའི་ནད་རྟགས་མངོན་ཚེ་ངེས་པར་བརྟག་དཔྱད་གནང་དགོས་རྒྱུ་གལ་ཆེན་པོ་རེད། གཅིག་ནས་སློབ་གྲྭ་ཁག་སྒོ་འབྱེད་ཀྱི་ཡོད་པར་རྟེན་ཕ་མའི་ངོས་ནས་ངེས་པར་དོ་སྣང་གནང་རོགས་གནང་། ཞེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༨༥ དེ་མཇུག་སྒྲིལ་གནང་ཡོད། །