༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༤ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༨༤ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་གནང་མཁན་སྨན་པ་ཚེ་རིང་མཚམས་གཅོད་ལགས་དང་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་རྣམ་གཉིས་ཡིན།
དེ་ཡང་ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་པ་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་སྙན་ཐོའི་སྐོར་གསུང་དོན། འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༩ དང་། བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡ བཅས་ཁྱོན་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༡༠ ནང་གི་བོད་མི་རང་ཁྱིམ་དུ་མི་གྲངས་ ༦༠ དང་། ཚོགས་སྡེ་ཁག་གི་མཐུན་འགྱུར་འོག་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༡༤༥ བཅས་ཁྱོན་བསྡོམས་བོད་མི་གྲངས་ ༢༠༥ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད།
ད་བར་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་དབུས་བོད་ཀྱི་སྨན་རྩིས་ཁང་ནས་གསོ་རིག་ལུས་སེམས་ནུས་གསོའི་སྨན་ཁྱོན་བསྡོམས་མི་གྲངས་༥༢༩༧༤ལ་རིན་མེད་བགོ་འགྲེམས་གནང་ཡོད། འདས་པའི་བདུན་ཕྲག་ནང་མི་གྲངས་ ༡ ལ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་བའི་ལམ་སྟོན་སློབ་གསོ་གནང་ཐུབ་པ་བྱུང་ཡོད། ནད་ཡམས་ཁྱབ་བརྡལ་སྔོན་འགོག་སླད་འདས་པའི་བདུན་ཕྲག་ནང་རྒྱ་གར་ནང་གི་ས་གནས་གྲངས་ ༡༤ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༡ བཅས་ཀྱི་བོད་མི་གྲངས་ ༤༦༡ ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་གནང་ཐུབ་པ་བྱུང་ཡོད། དེ་བཞིན་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་པ་ནས་བཟུང་ད་བར་རྒྱ་གར་ནང་གི་བོད་མི་ལོ་ན་ ༡༨ ཡན་གྲངས་ ༤༤༥༣༤ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་གཉིས་ཀ་བརྒྱབ་ཟིན་པ་དང་། མི་གྲངས་ ༦༧༧༢ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན། ཕྱོགས་མཚུངས་བལ་ཡུལ་ནང་གི་བོད་མི་གྲངས་ ༤༨ ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཟིན་པ་དང་མི་གྲངས་ ༦༩༨༠ ལ་སྔོན་འགོག་སྨན་ཁབ་ཆ་ཚང་ཐོབ་ཡོད།
འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་བོད་མི་གྲངས་ ༣༣ ལ་ནད་གཞི་ཕོག་པ་ར་འཕྲོད་བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༢༥ དང་། བུད་མེད་གྲངས་ ༨ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ལོ་ ༨༦ དང་ཆུང་ཤོས་དེ་ལོ་ ༢ ཡིན། ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༦༧༦༩ དང་། དྲག་སྐྱེད་བྱུང་བ་མི་གྲངས་ ༦༥༧༩། འདས་གྲོངས་སུ་གྱུར་བ་མི་གྲངས་ ༡༥༥། ད་ལྟ་གསོ་བཅོས་བྱེད་བཞིན་པ་མི་གྲངས་ ༣༥ ཡོད་པ་ཕལ་ཆེ་བ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ལུགས་བསམ་བདེ་སླར་དང་ཅོན་ཏ་ར། རྡ་ས། ལ་དྭགས། མེའོ། མོན་གྷོ། རཇ་པར་ཁུལ་ནས་རེད་འདུག ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༣ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ (WHO) ཀྱིས་རྒྱ་གར་གྱི་བཟོ་སྐྲུན་གནང་བའི་ཏོག་དབྱིབས་སྔོན་ཁབ་ (Covaxin) དེ་ཉིད་ཛ་དྲག་གི་བེད་སྤྱོད་བྱེད་ཆོག་པའི་བཀའ་འཁྲོལ་ལམ་ཆོག་མཆན་ཐོབ་པའི་གནས་སྟངས་ཤིག་ཆགས་ཡོད། མང་ཚོགས་ནས་སྔོན་འགོག་གི་ཐབས་ལམ་ཁག་མུ་མཐུད་ལག་བསྟར་གནང་བའི་ཐོག་ཁ་རས་ངེས་པར་གྱོན་དགོས་པ་སོགས་ཀྱི་སྔོན་འགོག་ཁག་ལག་བསྟར་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ལྟར་ལག་བསྟར་མུ་མཐུད་གནང་རོགས་ཞེས་ཞུ་རྒྱུ་ཡིན།
མཐར་རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ལམ་སྟོན་གནང་དོན། ད་ལྟའི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ནད་གཞི་ཕོག་མཁན་འཕར་ཆག་ཞེ་དྲག་ཕྱིན་མེད། འདས་པའི་ཆུ་ཚོད་ ༢༤ ནང་རྒྱ་གར་དུ་ནད་གཞི་གསར་པ་ཕོག་མཁན་སྟོང་ཕྲག་བཅུ་དགུ་དང་བརྒྱད་བརྒྱ་བརྒྱད་བཅུ་གྱ་ལྔ་ཙམ་བྱུང་འདུག བདུན་ཕྲག་གཅིག་ནང་ནད་གཞི་ཕོག་མཁན་ཆ་སྙོམས་ཀྱི་གྲངས་འབོར་ ༡༣༢༡༢ བྱུང་འདུག ནད་གཞི་ཕོག་མཁན་མང་ཆེ་བ་རྒྱ་གར་གྱི་མངའ་སྡེ་ཀེ་ར་ལ་ནས་ཡིན་ཞིང་། རྒྱ་གར་ནང་ཉིན་ལྟར་གནས་སྟངས་ཕྲན་བུ་ཇེ་བཟང་དུ་འགྲོ་བཞིན་ཡོད། འོན་ཀྱང་ད་ཆ་ནད་ཡམས་རྩ་བ་ཉིད་ནས་ཞི་བ་ཆགས་མེད། ད་ཆ་ཨུ་རུ་སུའི་ནང་ཏོག་དབྱིབས་གཉན་རིམས་ཕོག་མཁན་མང་དུ་འགྲོ་གི་ཡོད་པ་མ་ཟད། མང་པོ་ཞིག་འདས་གྲོངས་སུ་གྱུར་ཡོད། ས་གནས་ཀྱི་སྨན་པ་ཁག་གཅིག་གིས་ཐེངས་འདིའི་ཨུ་རུ་སུ་ནང་ཛ་དྲག་གི་གནས་སྟངས་ཚབས་ཆེན་དགོས་དོན་གཙོ་བོ་ནི་ས་གནས་ཡུལ་མིས་སྔོན་ཁབ་ཐོག་ཐེ་ཚོམ་སྐྱེས་པའི་ཐོག་སྔོན་འགོག་ཁབ་མ་བསྐྱོན་པར་བརྟེན་ནས་བྱུང་བ་ཡིན་སྐོར་གསུངས།
དེར་བརྟེན་སྔོན་ཁབ་བརྒྱབ་མེད་པ་རྣམས་ནས་སྔོན་ཁབ་ངེས་པར་བསྐྱོན་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། སྔོན་ཁབ་གཉིས་ཀ་བརྒྱབ་པ་ཡིན་ན་ནད་ཡམས་ཕོག་པའི་སྐབས་ནད་གཞི་ལྗིད་པོ་ཆགས་པའི་ཉེན་ཁ་མི་ཡོང་བའི་དགེ་མཚན་ཡོད། སྔོན་འགོག་བྱེད་སྒོ་ཁག་མུ་མཐུད་ལག་བསྟར་གནང་རོགས། དགུན་དུས་ཚོང་གཉེར་མཁན་ཚོས་སྔར་ལྷག་དམིགས་བསལ་གྱི་སྔོན་འགོག་ཁག་ལག་བསྟར་གནང་རོགས། གཙོ་བོར་ནད་རྟགས་ཡོད་པ་རྣམས་ནས་གང་མགྱོགས་བརྟག་དཔྱད་གནང་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་ལམ་སྟོན་གནང་སྟེ་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༨༤ དེ་མཇུག་སྒྲིལ་གནང་ཡོད། །