༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་ཁང་གཉིས་ཟུང་སྦྲེལ་ཐོག་ཕྱི་ལོ་ ༢༠༢༡ ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་བཞི་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་ཁག་གི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་རང་དབང་ཁག་རྡོག་རོལ། (Geneva Forum-2021: Forum on Economic, Social and Cultural Rights Violation by China) ཞེས་པ་འགོ་འཛུགས་གནང་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་བཞི་པ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། ཐོག་མར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་རྒྱ་ནག་གཞུང་གི་འགོ་ཁྲིད་འོག་ཉིན་ལྟར་ལུས་སེམས་གཉིས་ཀར་གནོན་ཤུགས་མྱོང་བཞིན་པའི་གཞིས་ལུས་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་ལ་འཚམས་འདྲི་ཞུ་རྒྱུ་ཡིན། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་སླད་གཟིག་རྒྱབ་རིན་པོ་ཆེ་མཆོག་འདིར་ང་ཚོ་དང་ལྷན་དུ་མཉམ་ཞུགས་གནང་ཡོད། ༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ཧྲིལ་པོ་ ༢༦ འཁོར་བཞིན་ཡོད། ང་ཚོས་ད་དུང་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་། སྐུ་འཚོ་བཞུགས་ཡིན་མིན་སྐོར་ཤེས་ཀྱི་མེད། དེར་བརྟེན་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་བབ་ཤེས་རྟོགས་དང་། རིན་པོ་ཆེ་མཆོག་གློད་བཀྲོལ་ཡོང་སླད་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་ཀྱང་ང་ཚོ་དང་ལྷན་དུ་མཉམ་ཞུགས་གནང་དགོས་བྱུང་བ་དེ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད།
ང་ཚོའི་ངོས་ནས་ཕྱི་ལོ་ ༡༩༥༠ ལོ་ནས་བཟུང་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བ་བྱུང་ཡོད། སྐབས་དེ་དུས་འཛམ་གླིང་གི་ལུང་པ་མང་པོར་རང་བཙན་འཐོབ་བཞིན་པའི་སྐབས་ང་ཚོ་རྒྱ་ནག་གི་དབང་བསྒྱུར་འོག་ཚུད་པ་རེད། ང་ཚོའི་ངོས་ནས་ཕྱི་ལོ་ ༡༩༥༩ དང་། ༡༩༦༡། ༡༩༦༥ བཅས་ལ་མཉམ་འབྲེལ་རྒྱལ་ཚོགས་སུ་གྲོས་ཆོད་བཞག་ཐུབ་ཡོད། འོན་ཀྱང་གྲོས་ཆོད་དེ་དག་ལག་ལེན་བསྟར་ཐུབ་མེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཆོད་ཁག་ལག་བསྟར་བྱས་མེད་པར་བརྟེན་བོད་མི་དང་འཛམ་གླིང་གི་མི་མང་པོས་མཉམ་འབྲེལ་རྒྱལ་ཚོགས་ནི། རྐང་ལག་མེད་པའི་འགྲོ་བ་མིའི་གཟུགས་པོ་ལྟ་བུ་ཞིག་ལ་རྩིས་ཡོད། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་གནང་ཕྱོགས་དེའང་མང་གཙོ་དང་མ་མཐུན་པ་ཞིག་ལ་རྩི་ཡི་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང༌གི་དམིགས་བསལ་དགག་བྱའི་དབང་ཚད་ (veto power) དེའང་མང་གཙོ་དང་མ་མཐུན་པ་ཞིག་རེད། ལྡོག་ཕྱོགས་ནས་བཤད་ན་དེ་སྔ་རྒྱ་གར་གྱིས་རྒྱ་ནག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང༌གི་ཚོགས་མིའི་ཁོངས་སུ་ཚུད་པར་རྒྱབ་སྐྱོར་གནང་ཡོད། དེང་སང་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་རྒྱ་སྐྱེད་དང་། རྒྱ་གར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་ཚོགས་མིའི་ཁོངས་སུ་ཚུད་པར་དགག་པ་རྒྱག་གི་ཡོད། མཉམ་འབྲེལ་རྒྱལ་ཚོགས་ནི་ཕྱོགས་མང་པོའི་ཐད་ནས་འདྲ་མཉམ་གྱི་ཚོགས་པ་ཆགས་ཀྱི་མེད། མཉམ་འབྲེལ་རྒྱལ་ཚོགས་སུ་དྲག་གནོན་གྱི་དཀའ་ངལ་མྱོང་བཞིན་པའི་མི་མང་རྣམས་ཀྱི་སྐུ་ཚབ་མེད། དོན་དངོས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཀྱི་ངོས་ནས་སྦྱིན་བདག་བྱས་ཏེ་མི་མང་ལ་དྲག་གནོན་བྱེད་ཀྱི་ཡོད། དྲག་གནོན་འོག་ཡོད་པའི་མི་མང་གིས་འཛམ་གླིང་ཚོགས་སྡེ་ཁག་ལ་སོ་སོའི་དཀའ་ངལ་བརྗོད་རྒྱུའི་སྡིངས་ཆ་མེད།དེ་རིང་རང་ཉིད་ལ་མི་སུ་གང་གིས་བོད་མི་དང་། ཡུ་གུར། ཧོང་ཀོང་མི་རིགས་བཅས་ཀྱིས་རྒྱ་ནག་དམར་ཤོག་འོག་དཀའ་ངལ་མྱོང་བཞིན་པར་གསན་འཇོག་གནང་གི་ཡོད་མེད་ཐེ་ཚོམ་ཡོང་གི་འདུག ད་བར་བོད་མི་ ༡༥༥ ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད། བོད་མི་ ༡༥༥ ལྷག་གིས་བོད་མི་དང་རྒྱ་རིགས་དམར་གསོད་བྱས་མེད་པ་མ་ཟད། རྒྱ་ནག་གཞུང་ལའང་འཚེ་བའི་ལས་འགུལ་སྤེལ་མེད། བོད་མི་ ༡༥༥ ལྷག་གིས་རྒྱ་ནག་གཞུང་གིས་བོད་མིའི་དཀའ་ངལ་སེལ་ཡོང་སྙམ་པའི་ཀུན་སློང་དང་རེ་བ་བརྒྱབ་ནས་གཞན་ལ་གནོད་མ་བྱས་པར་རང་ལུས་མེར་སྲེག་བཏང་ཡོད། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་མིའི་དཀའ་ངལ་གསན་འཇོག་གནང་ཡོང་བསམ་པའི་རེ་བ་བརྒྱབ་སྟེ་ཁོང་ཚོས་རང་ལུས་མེར་སྲེག་བཏང་ཡོད། དེ་སྔ་ཝི་ཏི་ནམ་ནང་དགེ་འདུན་པ་གཅིག་གིས་རང་ལུས་མེར་སྲེག་བཏང་བས་རྐྱེན་གྱིས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་དེར་ཧ་ཅང་དོ་སྣང་ཤུགས་ཆེན་པོ་གནང་ཡོད། ད་བར་བོད་མི་གྲངས་ ༡༥༥ ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད་ཀྱང་འཛམ་གླིང་མི་མང་གིས་ལས་འགུལ་གང་ཡང་མ་སྤེལ་བར་ལྡད་མོ་རང་བལྟས་ནས་བསྡད་ཡོད། འདི་ནི་དངོས་དྲང་གནས་སེམས་སྐྱོ་བའི་གནས་སྟངས་ཤིག་ཆགས་ཡོད།
སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ (Jiri Oberfalzer) མཆོག་དང་། དམིགས་བསལ་སྐུ་མགྲོན་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་ (Nicholas Walder) མཆོག དམིགས་བསལ་སྐུ་མགྲོན་ཧངྒ་རཱི་རྒྱལ་ཁབ་ཀྱི་བྷུ་ཌ་པེ་སི་རྫོང་དང་པོའི་གྲོང་སྡེ་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ (Gelencsér Ferenc) ལགས། གསུང་བཤད་གནང་མཁན་རྣམ་པ། ངའི་ལས་རོགས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམ་པ། ཡུ་རོབ་ཁུལ་གྱི་བོད་མིའི་གཞོན་སྐྱེས་རྣམ་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་སོགས་ནས་བོད་མི་དང་། ཡུ་གུར། ཧོང་ཀོང་། ལྷོ་སོག་པོ། ཐའེ་ཝན་མི་རིགས་བཅས་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་གནང་བ་དེ་ནི་སེམས་ཤུགས་བསྐྱེད་འོས་པ་ཞིག་རེད།
བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་རྩོམ་པ་པོ་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Dr. Michael van Walt van Praag) མཆོག་གིས་ལོ་བདུན་རིང་བོད་ཀྱི་ལོ་རྒྱུས་སྐོར་ཁྲིམས་ལུགས་ཐོག་ནས་ཉམས་ཞིབ་གནང་རྗེས་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་སྐོར་གསལ་འདོན་གནང་ཡོད། ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་གི་བཙན་གནོན་འོག་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་བཅུག་རྗེས་རྒྱ་ནག་གིས་བོད་དབང་བསྒྱུར་འགོ་བཙུགས་པ་དང་། དེ་ནས་བཟུང་ད་བར་བོད་རྒྱ་ནག་གི་དབང་བསྒྱུར་འོག་ཚུད་ཡོད། རྒྱ་ནག་གཞུང་གིས་བོད་ནང་དམའ་རིམ་སློབ་གྲྭ་ཁག་ནས་རྒྱ་ཡིག་སློབ་ཁྲིད་འགོ་འཛུགས་བྱས་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ནི་ནང་ཆོས་དང་བོད་ཀྱི་གསོ་བ་རིག་པ་སྦྱོང་བྱེད་ཀྱི་སྐད་ཡིག་ལྟ་བུ་ཞིག་ལ་རྩི་ཡི་ཡོད་པ་དང་། ང་ཚོའི་ངོས་ནས་རང་གི་ཕ་སྐད་དེ་བོད་ཀྱི་སྐད་ཡིག་ཧ་ཅང་རྩ་ཆེ་འཛིན་གྱི་ཡོད། ཅེས་དང་།འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ (COP26) དང་བསྟུན། འཛམ་གླིང་གི་དབུ་ཁྲིད་རྣམ་པས་འཛམ་གླིང་གི་སྣེ་གསུམ་པ་སྟེ་བོད་མཐོ་སྒང་གི་ཁོར་ཡུག་གི་གནད་དོན་ཐོག་དོ་སྣང་གནང་དགོས་པ་དང་། བོད་མཐོ་སྒང་དུ་གནམ་གཤིས་འགྱུར་ལྡོག་བྱུང་བ་ལ་བརྟེན་ནས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་གཙོས་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། རྒྱ་ནག་ནི་འཛམ་གླིང་སྟེང་ཁོར་ཡུག་འབག་བཙོག་བཟོ་མཁན་ཆེས་ཆེ་ཤོས་དེ་ཆགས་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་འབྲོག་པ་རྣམས་གནས་སྤོ་བྱེད་དུ་འཇུག་གི་ཡོད། བོད་ཀྱི་འབྲོག་པ་རྣམས་ལོ་ངོ་སྟོང་ཕྲག་མང་པོའི་རིང་རྩ་ཐང་དུ་ཁོར་ཡུག་ལ་གནོད་འཚེ་མེད་པར་ཞི་བདེའི་ངང་འཚོ་གནས་བྱས་དང་བྱེད་མུས་ཡིན། རྒྱ་ནག་གིས་དབང་བསྒྱུར་བྱས་ཏེ་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེ་བཏང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གཞུང་དང་ལྷན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་གནད་དོན་གསལ་ཐབས་བྱེད་ཀྱི་ཡོད། ང་ཚོས་ཡུ་རོབ་རྒྱལ་ཁབ་རྣམས་ཀྱིས་སོ་སོའི་རིན་ཐང་དང་རང་དབང་སྲུང་སྐྱོབ་ཆེད་དུ་ཐུན་མོང་གི་ཕྱིའི་སྲིད་བྱུས་དང་ཚོང་འབྲེལ་གྱི་སྲིད་བྱུས་གཏན་འབེབས་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་ལ་ཆབ་སྲིད་དང་། དམག་དོན། དཔལ་འབྱོར་གྱི་སྟོབས་ཤུགས་ཡོད་ནའང་། བཟང་སྤྱོད་ཀྱི་སྟོབས་ཤུགས་མེད། རྒྱ་ནག་གཞུང་གིས་ཕྱིའི་སྲུང་སྐྱོབ་ལས་རྒྱལ་ནང་གི་སྲུང་སྐྱོབ་ཆེད་དུ་འགྲོ་གྲོན་མང་བ་གཏོང་གི་ཡོད། རྒྱ་ནག་མི་མང་དང་། བོད་མི། ཡུ་གུར། ཧོང་ཀོང་མི་རིགས་བཅས་ལ་རང་དབང་ཐོབ་ཐབས་སུ་ཐབས་ལམ་ཡག་ཤོས་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱལ་སྤྱིའི་ཁྲིམས་དང་སྒྲིག་གཞི་ཁག་གཞིར་བཟུང་རྒྱ་ནག་ནང་ཞི་བའི་སྒོ་ནས་འཕོ་འགྱུར་ཞིག་གཏོང་དགོས།
ཉིན་གྲངས་གཉིས་རིང་གི་ཚོགས་འདུ་འདི་གྲོལ་རྗེས་ཕྲན་རང་ཉིད་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་ཡོངས་ཁྱབ་ཀྱི་དུས་བཀག་བསྐྱར་ཞིབ་(UN’s Universal Periodic Review) རྗེས་མའི་སྐབས་བོད་དང་། ཡུ་གུར། ཧོང་ཀོང་། ཐའེ་ཝན་བཅས་ཀྱི་གནད་དོན་སྐོར་གྲོས་གཞི་ཁག་མདུན་དུ་བསླེབ་ཐུབ་པའི་རེ་བ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།