༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༩ ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨི་ཊ་ལཱིའི་རྒྱལ་ས་རོམ་དུ་རྒྱ་ནག་ལ་ཁ་གཏད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ (Inter Parliamentary Alliance on China) ཞེས་པའི་ཚོགས་འདུར་མཉམ་ཞུགས་གནང་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཨི་ཊ་ལཱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ (Intergroup Parliamentary Support for Tibet) མགྲོན་འབོད་ལྟར་ཨི་ཊ་ལཱིའི་གྲོས་ཚོགས་འོག་མའི་ནང་ཆེད་ཕེབས་ཀྱིས་ཨི་ཊ་ལཱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་བོད་དོན་སྐོར་གསུང་བཤད་གནང་ཡོད།
སྐབས་དེར་ཨི་ཊ་ལཱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནོ་བྷི་ལི་ (Mr. Luciano Nobili) མཆོག་གི་གཙོ་སྐྱོང་འོག་ཨི་ཊ་ལཱིའི་གྲོས་ཚོགས་འཐུས་མི་ཨན་ནི་བྷ་ལི་ (Annibali Lucia) མཆོག་དང་། ཨུན་ག་རོ་མ་སི་མོ་( Ungaro Massimo) མཆོག ཨན་ཛལ་ཌི་ (Anzaldi Michele) མཆོག ཨན་ཌི་རི་ཡ་(Ruggieri Andrea) མཆོག མོ་ལི་ཁོ་ནེ་ (Mollicone Federico) མཆོག་བཅས་ཚོགས་འདུར་མཉམ་ཞུགས་གནང་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨི་ཊ་ལཱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་རྒྱ་ནག་གཞུང་གིས་ནམ་རྒྱུན་ཁ་ནས་སྤྱི་ཚོགས་འཆམ་མཐུན་དགོས་པའི་སྐོར་ཤོད་ཀྱི་ཡོད་ཀྱང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་འཕགས་བོད་ས་མཚམས་དང་འབྲེལ་བའི་རྒྱ་གར་དང་། དེ་བཞིན་ཐའེ་ཝན་དང་ལྷོ་རྒྱ་ནག་རྒྱ་མཚོ་སོགས་ལ་རྙོག་གྲ་དང་དབང་ཡོད་ཐུབ་ཚོད་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་ཁ་ནས་བཤད་པ་དང་ལས་ཀ་བྱེད་རྒྱུ་གཉིས་མཐུན་གྱི་མེད་ཅེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་དང་བོད་ཀྱི་བླ་སྤྲུལ་ངོས་འཛིན་ལམ་ལུགས་ཐོག་དམ་བསྒྲགས་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་བྱེད་བཞིན་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་ཡང་སྲིད་ངོས་འཛིན་ལམ་ལུགས་ལ་ཧ་ཅང་དང་དོད་བྱེད་ཀྱི་ཡོད་ན་དང་པོ་མའོ་ཙེ་ཏུང་དང་ཏིང་ཞའོ་ཕིང་གི་ཡང་སྲིད་ངོས་འཛིན་བྱེད་དགོས། ཞེས་གསུངས།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་མཐོ་སྒང་གི་ཁོར་ཡུག་གི་དཀའ་ངལ་སེལ་ཐབས་བྱེད་ཀྱི་མེད་པས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ (COP26) པའི་ཐོག་ཨི་ཊ་ལཱིའི་སྐུ་ཚབ་ཕེབས་མཁན་རྣམས་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ པའི་ཐོག་བོད་ཀྱི་ཁོར་ཡུག་གི་གནད་དོན་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་དང་། བོད་མཐོ་སྒང་གི་ཁོར་ཡུག་ནི་ཆབ་སྲིད་ཀྱི་གནད་དོན་ཙམ་མིན་པ་དང་། བོད་མཐོ་སྒང་གི་ཁོར་ཡུག་འབག་བཙོག་བཟོས་པར་བརྟེན་བོད་ཀྱི་གཙང་པོ་ཁག་ལ་བརྟེན་མཁན་གྱི་ཨེ་ཤི་ཡའི་རྒྱལ་ཁབ་མང་པོར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པའི་སྐོར་གསུངས་པ་དང་འབྲེལ་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་རྒྱ་ནག་གཞུང་གི་བྱ་སྤྱོད་ཀྱིས་རྐྱེན་པས་བོད་མཐོ་སྒང་དུ་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འཕྲད་བཞིན་ཡོད་སྟབས་དེའི་འགན་རྒྱ་ནག་གཞུང་ལ་འཁུར་དུ་འཇུག་དགོས་པའི་རེ་སྐུལ་གནང་ཡོད་པ་བཅས།།