༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ལས་ཁང་གི་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢ ཉིན་ཕྱི་ལོ་ ༢༠༢༡ ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས་དེ་བཞིན་མཇུག་སྒྲིལ་ཡོད།
དེ་ཡང་གླེང་སྟེགས་ཀྱི་མཇུག་བསྡོམས་ལས་རིམ་ཐོག་ཚོགས་བཅར་བ་དང་གསུང་བཤད་གནང་མཁན་རྣམ་པས་ཐུན་མོང་གིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བ་བརྒྱུད། རྒྱ་ནག་གཞུང་གི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་ནང་འཆར་གཞི་ལྡན་པའི་ཐོག་ནས་མང་ཚོགས་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་། དཔལ་འབྱོར་སོགས་གཞི་རྩའི་རང་དབང་ཁག་རྡོག་རོལ་བཏང་དང་གཏོང་མུས་ཀྱི་གནས་སྟངས་ལ་སེམས་འཚབ་དང་སྦྲགས། མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་གཙོས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཚོགས་སྡེ་ཁག་ནས་རྒྱ་ནག་གཞུང་གི་ངལ་རྩོལ་བསྒྱུར་བཀོད་ལས་གཞི་སོགས་བཀག་འགོག་དགོས་པའི་རེ་འདུན་སོགས་བཏོན་གནང་ཡོད་པ་མ་ཟད། ཡོངས་ཁྱབ་གསལ་བསྒྲགས་དེའི་ནང་འདི་ལོའི་ཕྱི་ཟླ་ ༦ པའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མཁས་ཁྱད་མི་སྣ་གྲངས་ ༥༠ ལྷག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་དཔྱད་ཞིབ་དང་ལྟ་རྟོག་ཆེད་དུ་རང་དབང་ལྡན་པའི་ཚོགས་ཆུང་ཞིག་ཆེད་འཛུགས་གནང་རྒྱུའི་ཟུང་སྦྲེལ་བསྒྲགས་གཏམ་སྤེལ་བ་དེར་བསྔགས་བརྗོད་དང་འབྲེལ་མཇུག་སྐྱོང་གང་མྱུར་ཡོང་བའི་འབོད་བསྐུལ་ཞུས་ཡོད།གླེང་སྟེགས་མཇུག་བསྡོམས་ཀྱི་གསུང་བཤད་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་དང་གསུང་བཤད་གནང་མཁན་སྐུ་མགྲོན་བཅས་ཀྱིས་འདི་ལྟར་བོད་དོན་ཐོག་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་དང་སྦྲགས། རྒྱ་ནག་གཞུང་གི་མངའ་ཁོངས་སུ་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་མི་རིགས་གཞན་པ་ཚོར་གདུང་སེམས་མཉམ་སྐྱེ་ཡོད་པ་གསུང་སོང་།
དེ་བཞིན་ཕ་རན་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་རེ་གྷ་ཊོ་ལིན་ (Andre Gattolin) ལགས་ཀྱིས་འཛམ་གླིང་ས་ཕྱོགས་གང་སར་དྲག་གནོན་འོག་ཚུད་པའི་མི་རིགས་འདྲ་མིན་ཡོད་པ་དེ་དག་ཚང་མས་ཆིག་སྒྲིལ་གྱི་ནུས་པ་མཉམ་སྤུངས་ཐོག་དྲག་གནོན་གྱི་སྟོབས་ཤུགས་ལ་དགག་ལན་བྱེད་རྒྱུའི་དུས་ལ་བབས་ཡོད་པ་གསུང་སོང་།དེ་རིང་གི་ལས་རིམ་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་ཞུས་པའི་དཔེ་དེབ་༼ལོ་རྒྱུས་ཐོག་ནས་བོད་རྒྱ་ནག་གི་ཆ་ཤས་མིན། འོན་ཀྱང་དབུ་མའི་ལམ་ནི་བོད་རྒྱའི་གནད་དོན་སེལ་བའི་ཐབས་ལམ་ཡག་ཤོས་དེ་ཡིན།༽ ཞེས་པ་ཇར་མ་ནི་དང་ཨི་ཊ་ལིའི་སྐད་ཐོག་ཕབ་བསྒྱུར་གནང་བ་དེ་དབུ་འབྱེད་གནང་ཡོད།
དེ་མིན་གླེང་སྟེགས་ཉིན་མཐའ་མའི་ཐོག་རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཚོགས་པ་ཀིརི་དཱ་ (Kreddha) ཞེས་པའི་འཛིན་སྐྱོང་ཚོགས་གཙོ་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Dr. Michael van Walt van Praag) ལགས་དང་། སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ལས་བྱེད་ཟུར་པ་འཕྲིན་ལས་ཆོས་སྐྱིད་ལགས། དམར་པོའི་སྲིད་གཞུང་གི་མནར་གཅོད་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་རྗེས་དྲན་ཐེབས་རྩ་ (Victims of Communism Memorial Foundation) ཞེས་པའི་ཐེབས་རྩ་ཁང་གི་ཉམས་ཞིབ་པ་སྐུ་ཞབས་ཨེ་ཌི་རི་ཛན་ཛི་ (Dr. Adrian Zenz) ལགས། བྷི་ཊར་ཝིན་ཊར་ ( Bitter Winter) ཞེས་པའི་དྲ་རྒྱའི་འགན་འཛིན་སྐུ་ཞབས་མཱར་ཀོ་ (Marco Respinti) ལགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་བསམ་བློའི་བང་མཛོད་ (Sinopsis) ཞེས་པའི་ངེས་སྟོན་པ་སྐུ་ཞབས་མར་ཊིན་ཧ་ལ་ (Martin Hala) ལགས། རྒྱལ་སྤྱིའི་ཁྲིམས་སྐྱོང་ཚོགས་པའི་(Global Committee for Rule of Law) ཞེས་པའི་ཚོགས་པའི་འབྲེལ་མཐུད་པ་ལོ་རཱ་ཧར་ཐི་ (Laura Harth) ལགས། ཕ་རན་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ ཨན་ཌི་རེ་གྷ་ཊོ་ལིན་ལགས་བཅས་ཀྱི་བོད་ཀྱི་གནས་ཚུལ་གནད་བསྡུས་ (Tibet Brief 20/20) ཞེས་པའི་དཔེ་དེབ་སྐོར་དང་། རྒྱ་ནག་གཞུང་ནས་དཔལ་འབྱོར་རང་དབང་ལ་རྡོག་རོལ་གཏོང་བཞིན་པའི་སྐོར། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་རྒྱ་ནག་གཞུང་གི་ཤུགས་རྐྱེན་བཅས་ཀྱི་བརྗོད་གཞིའི་ཐོག་ཚོགས་མཐུན་གསུམ་ཚོགས་ཡོད་པ་རེད། མཐར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།
སྤྱིར་ཕྱི་ལོ་ ༢༠༡༨ ལོར་ཚོགས་འགོ་ཚུགས་པའི་ཇི་ནི་ཝ་གླེང་སྟེགས་དེ་བཞིན་ལོ་ལྟར་སུད་སི་གྲོང་ཁྱེར་ཇི་ནི་ཝར་ཚོགས་ཀྱི་ཡོད་པ་དང་། ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་ཕྱི་ལོ་ ༢༠༢༠ ལོར་ས་གནས་ནས་དྲ་རྒྱ་བརྒྱུད་ཚོགས་ཡོད་པ་རེད། །