༄༅། །བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གཙོ་སྐྱོང་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ ནས་ཕྱི་དྲོ་ཆུ་ཚོད་༦ བར་བཞུགས་སྒར་རྡ་སའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་ཀྱི་ལོ་རྒྱུས་ཐོག་གི་གལ་ཆེ་མི་སྣའི་སྐོར་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་ཚོགས་ཡོད་པ་དང་།
བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོའི་ཐོག་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་དང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། ཝ་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་དང་རྒྱལ་རབས་སློབ་དཔོན་སྨན་ཤེར་བློ་གྲོས་ལགས། ཀིརྟིའི་བྱེས་པ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་བགྲེས་པ་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དང་ཞིབ་འཇུག་རིག་པའི་སློབ་དཔོན་གཉན་ཐར་ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་བོད་ཀྱི་ལོ་རྒྱུས་སློབ་དཔོན་རྩ་རག་བཀྲ་བཟང་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་གཞོན་པ་ཡེ་ཤེས་བསམ་གྲུབ་ལགས། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས། དེ་བཞིན་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམ་པ་དང་ལས་བྱེད། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་སོགས་མཉམ་ཞུགས་གནང་ཡོད།དེ་ཡང་བགྲོ་གླེང་གི་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས་གསུང་དོན། ཚང་མས་མཁྱེན་གསལ་ལྟར་སྤྱིར་བཏང་ལོ་རྒྱུས་ཟེར་བ་དེ་མི་རིགས་ཤིག་གི་དར་རྒུད་ཀྱི་དྲན་ཐོ་ལྟ་བུ་ཞིག་རེད། མེས་པོའི་ལོ་རྒྱུས་སོ་སོས་མ་ཤེས་ན་མཇུག་མ་མེད་པའི་སྤྲེའུ་རེད་ཟེར་བ་ལྟ་བུ་རེད། ལོ་རྒྱུས་ཤེས་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ད་ལྟ་བོད་མི་རིགས་ཀྱི་རྒྱལ་ཁབ་དང་རང་དབང་ཤོར་ཡོད་པ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཉིན་མཚན་དུས་དྲུག་ལ་རིག་པ་བསྒྲིམས་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་ཀྱི་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་བཞིན་པའི་སྐབས་འདིར་ང་ཚོས་རང་མི་རིགས་ཀྱི་ལོ་རྒྱུས་དང་། ཆོས། རིག་གཞུང་། སྐད་ཡིག་སོགས་ཤེས་རྟོགས་བྱ་ཐུབ་པའི་ཆེད་དུ་ལོ་རྒྱུས་ཀྱི་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ཡིན། དེ་ཐེངས་ལོ་རྒྱུས་ཀྱི་བགྲོ་གླེང་ཚོགས་ཐུབ་པ་བྱུང་བ་དེ་ཧ་ཅང་སྤོབས་པ་ཡོད།དེང་རབས་ཀྱི་ཆབ་སྲིད་ཐོག་ནས་བཤད་ནའང་ལོ་རྒྱུས་ཀྱི་ཐོག་ནས་བོད་རྒྱལ་ཁབ་དེ་སྔོན་མ་རང་བཙན་ལྡན་པའི་རྒྱལ་ཁབ་ཅིག་རེད། དེ་བཞིན་སྔར་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཡིན་པ་གཞིར་བཞག་ནས་ད་ལྟ་ང་ཚོ་དབུ་མའི་ལམ་ལ་འགྲོ་བཞིན་ཡོད། དེ་རིང་གི་ཚོགས་འདུར་བཙན་བྱོལ་ནང་གི་བོད་ཀྱི་ལོ་རྒྱུས་ཀྱི་མཁས་དབང་ཕལ་ཆེ་བ་ཕེབས་ཐུབ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་ཀྱི་གསུང་བཤད་གནང་སྐབས་གསུང་དོན། བོད་ཀྱི་ལོ་རྒྱུས་ཀྱི་ཚོགས་ཆེན་འདི་བཞིན་འཚོགས་དགོས་དོན་གཙོ་བོ་ནི། སྤྱི་ནོར་༧གོང་སྐྱབས་༧མགོན་ཆེན་པོ་མཆོག་གི་དགོངས་བཞེད་ཆགས་ཡོད། སྤྱི་ནོར་༧གོང་སྐྱབས་༧མགོན་ཆེན་པོ་མཆོག་གིས་ལོ་ཤས་སྔོན་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་བོད་ཀྱི་ལོ་རྒྱུས་ཀྱི་ཚོགས་ཆེན་ཞིག་འཚོགས་ཐུབ་ན་དགེ་མཚན་ཆེ་བའི་སྐོར་བཀའ་སློབ་སྩལ་ཡོད་སྟབས། བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་འདི་འཚོགས་བཞིན་ཡོད།ད་རེས་བོད་ཀྱི་ལོ་རྒྱུས་ཚོགས་འདུ་ཐེངས་དང་པོའི་ཐོག་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་མི་སྣ་གལ་ཆེན་རྣམས་ཀྱི་སྐོར་བགྲོ་གླེང་བྱུང་བ་ཡིན་ན། བོད་ཀྱི་ལོ་རྒྱུས་བགྲོ་གླེང་ཐེངས་གཉིས་པའི་སྐབས་ལོ་རྒྱུས་ཀྱི་དུས་ཚིགས་ཀྱི་གལ་གནད་སྐོར་བགྲོ་གླེང་བྱ་རྒྱུ་དང་། ༧རྒྱལ་བ་ཐམས་ཅད་མཁྱེན་པའི་དགོངས་གཞི་ལྟར་བོད་ཀྱི་ལོ་རྒྱུས་ཚོགས་འདུ་ཐེངས་གསུམ་པའི་སྐབས་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ལོ་རྒྱུས་ཀྱི་ཚོགས་ཆེན་ཞིག་འཚོགས་ཐུབ་པའི་དམིགས་ཡུལ་གཙོ་བོ་བཟུང་ནས་བགྲོ་གླེང་འདི་འཚོགས་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་༧དཔལ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དྲ་ལམ་བརྒྱུད་དམིགས་བསལ་བཀའ་སློབ་གསུང་འཕྲིན་གནང་བའི་ནང་འཁོད་དོན། བོད་མི་རིགས་ལ་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཀྱི་ཡིག་ཆ་དང་རྩོམ་རིག་གི་ཡིག་ཆ་ཕུན་སུམ་ཚོགས་པ་ཡོད། མི་རིགས་ཁ་ཤས་ལ་མ་གཏོགས་ང་ཚོ་བོད་པ་ནང་བཞིན་ཤེས་རིག་གི་བང་མཛོད་རྒྱ་ཆེན་པོ་ཕལ་ཆེར་མེད། དེར་བརྟེན་བོད་མི་ཞིག་ཡིན་པའི་ཆ་ནས་སོ་སོའི་ལོ་རྒྱུས་དང་རྩོམ་རིག་གི་བང་མཛོད་སོགས་ལ་སྤོབས་པ་བྱེད་ཆོག་པ་ཞིག་དང་། གཞན་ལ་ངོམ་རིན་ཆོག་པའི་རིན་ཐང་བྲལ་བ་ཞིག་ཡོད། སོ་སོའི་ངོས་ནས་དེ་རིན་ཐང་བྲལ་བ་ཞིག་དང་རྩ་ཆེན་པོ་ཞིག་ཡིན་པ་ངོ་འཕྲོད་པ་གནང་དགོས་པ་དང་། རྩ་ཆེན་ཡིན་པ་དེ་ཤེས་དགོས་པ་གལ་ཆེན་པོ་རེད།དེ་ཤེས་པའི་ཐོག་ནས་སོ་སོའི་ཕ་མ་ནས་མར་བརྒྱུད་ཡོང་བའི་རིག་པའི་བང་མཛོད་དང་ཤེས་བྱའི་བང་མཛོད་རྩ་ཆེན་པོ་དེ་དག་མི་ཉམས་རྒྱུན་འཛིན་ཇི་ལྟར་གནང་དགོས་པ་དང་། འཛམ་བུ་གླིང་ཡོངས་ལ་ཁྱབ་སྤེལ་ཇི་ལྟར་གནང་དགོས་པའི་སྐོར་གོམ་པ་གཉིས་པ་སྤོ་ཐུབ་ཀྱི་ཡོད། སྔོན་ལ་སོ་སོའི་ངོས་ནས་དེ་རྩ་ཆེན་པོ་དང་གལ་ཆེན་པོ་ཡིན་པ་མ་ཤེས་ན་ཕལ་ཆེར་གོ་མེད་ཚོར་མེད་ཡོང་རྒྱུའི་ཉེན་ཁ་ཡོད། བོད་པའི་རྩོམ་རིག་དང་ལོ་རྒྱུས་མཁས་པ་སྔ་མ་ཚོས་ཞིབ་འཇུག་མང་པོ་གནང་ཡོད། ང་ཚོར་མཚོན་ན་དེ་རིན་ཐང་བྲལ་བའི་ནོར་བུ་ལྟ་བུ་ཆགས་ཡོད། དེ་དག་རྨང་གཞིར་བཞག་ནས་དེང་དུས་འགྲོ་སྟངས་དང་མཐུན་པའི་ཐོག་ནས་ཞིབ་འཇུག་དང་ཉམས་ཞིབ་ཇི་ལྟར་གནང་དགོས་པ་དང་སྦྱོང་བརྡར་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
དེང་སང་ཕྱི་རྒྱལ་གྱི་མཁས་པ་ཁག་གཅིག་གིས་བོད་པའི་སྐོར་ཞིབ་འཇུག་གནང་སྐབས་བོད་པའི་རིག་གཞུང་གི་འགྲོ་སྟངས་དང་བསམ་བློའི་འདུ་ཤེས། དེ་བཞིན་ཚོར་བ་སོགས་ལ་བརྩི་བཀུར་མེད་པའི་ཐོག་ནས་ཞིབ་འཇུག་གནང་གི་འདུག དེ་བོད་མི་རིགས་ལ་མཚོན་ན་ལམ་སང་དང་ལེན་གནང་ཐུབ་རྒྱུ་ཁག་པོ་ཆགས་ཡོད། དངོས་ཡོད་གནས་ཚུལ་ག་རེ་ཡིན་པའི་སྐོར་འགྲེལ་བཤད་རྒྱག་སྐབས་བོད་མི་རིགས་ཀྱི་རིག་གཞུང་དང་ཚོར་བ་སོགས་ལ་བརྩི་བཀུར་གནང་དགོས་པ་དང་། དེ་བཞིན་མཐོང་ཆེན་དང་རྩ་ཆེན་པོར་བརྩིས་ནས་ཀུན་སློང་བཟང་པོ་ཡོད་པའི་ཐོག་ནས་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་ལ་ཏོག་ཙམ་བརྩེ་སེམས་དང་སེམས་ཁུར་ཡོད་པའི་ཐོག་ནས་ཕྱག་ལས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད་དྲན་གྱི་འདུག་ཅེས་སོགས་ཀྱི་གསུང་འཕྲིན་གནང་ཡོད།
དེ་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཐུན་མོང་གིས་བོད་ཀྱི་ལོ་རྒྱུས་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་སུ་བརྩི་མཐོང་ངོས་འཛིན་དང་ཡི་རངས་བསྔགས་བརྗོད་ཞུས་པའི་ཡི་གེ་དེ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་སྒྲོགས་སྦྱང་གནང་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་རྣམ་གཉིས་ནས་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་སུ་ཆེ་བསྟོད་གཟེངས་རྟགས་ཕུལ་ཡོད། དེ་བཞིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་རྣམ་གཉིས་ནས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ཐུན་མོང་གིས་གནང་བའི་བསྟོད་ཚིག་ཕྱག་འཁྱེར་དེ་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་སུ་ཕུལ་ཏེ་བགྲོ་གླེང་དབུ་འབྱེད་མཛད་སྒོ་གྲོལ་མཚམས་བགྲོ་གླེང་དངོས་གཞི་དབུ་འཛུགས་གནང་ཡོད་པ་དང་།
སྐབས་དེར་སྐུ་མགྲོན་གཙོ་བོ་མཁས་དབང་ཇོ་སྲས་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ལོ་རྒྱུས་ཀྱི་གལ་གནད་སྐོར་གསུང་བཤད་དང་། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་༧རྒྱལ་དབང་སྐུ་ཕྲེང་༡༣ པ་ཆེན་པོ་མཆོག་གི་ཆབ་སྲིད་ཀྱི་མཁྱེན་བྱུས་དང་གཟིགས་རྒྱང་ལ་སྐུ་ཞབས་ཅཱར་ལེ་སི་སྦེལ་( Sir Charles Bell ) ལགས་ཀྱིས་ཐུགས་ཞིབ་ཇི་གནང་ལ་ཕྱིར་མིག་ལྟ་བ་ཞེས་པའི་སྐོར། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྩ་རག་བཀྲ་བཟང་ལགས་ཀྱིས་ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་མི་གཤིས་དང་ཆབ་སྲིད་ཀྱི་བསམ་བློ་ཞེས་པའི་སྐོར། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ས་སྐྱའི་ཆོས་སྲིད་ཟུང་འབྲེལ་གྱི་ཁྲི་རབས་བརྒྱད་པ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་མཆོག་གི་སྐོར་ངོ་སྤྲོད། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་གསང་རྒྱ་ཆེ་བའི་ཐང་རྒྱལ་རབས་ཀྱི་སྲས་མོ་ཞིག་གི་སྐོར། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་སྤྱི་ཁྱབ་རྩོམ་སྒྲིག་པ་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས་དབུས་བཟའ་མཁའ་འགྲོ་བདེ་སྐྱོང་དབང་མོའི་སྐོར། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་རྩོམ་རིག་སློབ་དཔོན་དགེ་རྒན་དགེ་བཤེས་བེ་རི་འཇིག་མེད་དབང་རྒྱལ་ལགས་ཀྱིས་ཀརྨ་པ་དུས་གསུམ་མཁྱེན་པ་དང་འབྲེལ་བའི་ལོ་རྒྱུས་རགས་ཙམ་གླེང་བ་ཞེས་པའི་སྐོར།
ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ཡེ་ཤེས་བསམ་གྲུབ་ལགས་ཀྱིས་ལོ་ཆེན་ནམ་མཁའ་བཟང་པོ་དང་ཁོང་གི་མཛད་རྗེས་ཞེས་པའི་སྐོར། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་རྣམ་གཉིས་ཀྱི་ཆོས་སྲིད་མཛད་རྗེས་ཞེས་པའི་སྐོར། ཀིརྟིའི་བྱེས་པ་གྲྭ་ཚང་གི་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་ལགས་ཀྱིས་སིངྒ་ལའི་གླིང་དུ་མཚན་སྙན་ཆེ་བའི་བོད་པ་སྤེན་པ་དོན་གྲུ་ ( Tibet Jathika s. Mahindra thero ) ཅེས་པའི་སྐོར། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་རྩིས་དཔོན་ལུང་ཤར་གྱི་བསམ་བློའི་ཕྱིར་རྟོགས་ཞེས་པའི་སྐོར། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་དང་ཞིབ་འཇུག་རིག་པའི་སློབ་དཔོན་གཉན་ཐར་ལགས་ཀྱིས་བྲག་དཀར་དགེ་བཤེས་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་གནད་བསྡུས་ཞེས་པའི་སྐོར་གསུང་བཤད་དང་། དེ་བཞིན་བགྲོ་གླེང་དང་དྲི་བ་དྲིས་ལན་ལྷུག་པོ་གནང་ཡོད།
མཐར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས་ཀྱིས་མཇུག་སྡོམ་གསུང་བཤད་གནང་ཡོད་པ་བཅས།།