༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་རྒྱ་བལ་འབྲུག་གསུམ་དུ་གནས་པའི་བཙན་བྱོལ་བོད་མིའི་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་བཞི་པའི་མཇུག་སྡོམ་མཛད་སྒོ་ཚོགས་ཡོད་པ་དང་། མཇུག་སྡོམ་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་པའི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག དེ་བཞིན་བཀའ་དྲུང་ཡིག་ཚང་གི་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་དང་། ནང་སྲིད་དྲུང་ཆེ་ཚེ་དབང་སྒྲོལ་མ་ལགས་དང་དྲུང་འཕར་ཚེ་བརྟན་སྐལ་བཟང་ལགས་སོགས་ཕེབས་ཡོད། དེ་ཡང་མཇུག་སྡོམ་མཛད་སྒོར་ནང་སྲིད་དྲུང་ཆེ་ཚེ་དབང་སྒྲོལ་མ་ལགས་ཀྱིས་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་བཞི་པ་དེ་བཞིན་ཚོགས་ཆུང་བཞི་ལ་ཆ་བགོས་བཟོས་ཏེ་ཚགས་ཚུད་དང་ལེགས་པར་མཇུག་སྒྲིལ་གནང་ཡོད་པའི་སྐོར་གསུངས་གྲུབ་མཚམས་ནང་སྲིད་དྲུང་འཕར་ཚེ་བརྟན་སྐལ་བཟང་ལགས་ཀྱིས་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག་བཞག་པའི་གྲོས་གཞི་གྲོས་ཆོད་ཁག་སྒྲོགས་སྦྱང་གནང་ཡོད།དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ང་ཚོ་མང་གཙོའི་ལམ་དུ་འགྲོ་བཞིན་ཡོད་སྟབས། ས་གནས་འགོ་འཛིན་རྣམ་པས་ཁྲིམས་དང་སྒྲིག་གཞི་གཙོ་བོ་བཟུང་སྟེ་ཕྱག་ལས་གནང་དགོས་པ་མ་ཟད། བོད་སྤྱི་པའི་དོན་དུ་ལྷག་བསམ་ཟོལ་མེད་ཐོག་ནས་དགོངས་ཚུལ་གསུང་དགོས་པ་དང་། མི་མང་ཉམ་ཐག་རིགས་ལ་ངེས་པར་ལྟ་རྟོག་གནང་དགོས་པ། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པར་འབྲེལ་བ་ཞུ་དགོས་པ། དེ་བཞིན་མཉམ་འབྲེལ་དང་ས་གནས་འཕྲོད་སྨན་ཁང་སོགས་ལ་གཟིགས་སྐྱོང་གནང་དགོས་པ་མ་ཟད། སེམས་ནད་ཡོད་མཁན་རྣམས་ལ་ལྟ་རྟོག་གནང་དགོས་པ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་འགོ་འཛིན་རྣམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་སློབ་སྦྱོང་གནང་དགོས་པ་དང་། ཁྲིམས་དང་སྒྲིག་གཞི་གཙོ་བོ་གཞིར་བཞག་ཐོག་ནུས་པ་མཉམ་སྤུངས་གནང་དགོས་པ། ལས་བྱེད་བླངས་དོར་སྒྲིག་གཞི་ཁག་ལ་བརྩི་སྲུང་གནང་དགོས་པ་སོགས་ཀྱི་སྐོར་གསུངས།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Dr. Michael van Walt van Praag) མཆོག་གིས་བོད་ཀྱི་ལོ་རྒྱུས་སྐོར་ཁྲིམས་ལུགས་ཐོག་ནས་ཉམས་ཞིབ་གནང་རྗེས་བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་བརྩམས་ཡོད་པའི་ནང་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་སྐོར་གསལ་འདོན་གནང་ཡོད།
ས་གནས་འགོན་འཛིན་རྣམ་པས་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གི་དཔེ་དེབ་ལ་ལྟ་ཀློག་གནང་དགོས་པ་དང་། བོད་མིའི་སྒྲིག་འཛུགས་ནས་ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དེ་བཞག་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་བཞིན་པ། དེ་བཞིན་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་བོད་ནང་སྲིད་བྱུས་ཁག་ལག་བསྟར་བྱེད་བཞིན་པའི་སྐོར་
བདེ་སྲུང་ལས་ཁུངས་བརྒྱུད་རྟོག་ཞིབ་གནང་དགོས་པ། སྤྱི་ཚོགས་དྲ་རྒྱའི་ནང་གང་བྱུང་མང་བྱུང་གནས་ཚུལ་སྤེལ་བཞིན་པར་ལན་འདེབས་གནང་དགོས་གལ་མེད་པ། མི་དངོས་སུ་སླེབས་ནས་དྲི་བ་བཏང་བ་ཡིན་ན་ལན་འདེབས་གནང་དགོས་པ། ས་གནས་འགོ་འཛིན་རྣམ་པ་ཚོས་ཧུར་ཐག་གིས་ཕྱག་ལས་གནང་བཞིན་པར་ཐུགས་རྗེ་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་རྗེས་ས་གནས་འགོ་འཛིན་རྣམ་པའི་འཛིན་སྐྱོང་ཚོགས་ཆེན་ཐེངས་བཅུ་བཞི་པ་དེ་བཞིན་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།