༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༧ ནས་ ༢༩ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་དྲ་ལམ་བརྒྱུད་བར་བརྒལ་དྲང་བདེན་གྱི་ཆེད་དུ་ཆོས་དད་མི་སྣ་མཉམ་ཞུགས་ (Religious and Faith-Based Actors’ Engagement with Transitional Justice) ཞེས་པའི་དབྱེ་ཞིབ་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་ཡོད།
དེ་ཡང་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་བར་བརྒལ་དྲང་བདེན་གྱི་ཆེད་དུ་ཆོས་དད་མི་སྣ་མཉམ་ཞུགས་ཞེས་པའི་ཟབ་སྦྱོང་ཐོག་མཉམ་ཞུགས་ཀྱིས་བར་བརྒལ་དྲང་བདེན་ཡོང་སླད་རང་གི་ཉམས་མྱོང་དང་ཆོས་དད་མི་སྣའི་ལས་འགན་སོགས་ཀྱི་སྐོར་གསུངས་ཡོད། བྱང་ཨ་ཡིར་ལན་ཌིའི་ (Healing Through Remembering) ཞེས་པའི་ཚོགས་པའི་ཁེ་ཊི་ཊུར་ནར་ (Cate Turner) ལགས་དང་བྷི་རི་ཨན་ལམ་བྷི་ཀིན་ (Brian Lambkin) ལགས། ལྷོ་ཨ་ཕི་རི་ཀའི་ (Centre for the Study of Violence and Reconciliation) ཞེས་པའི་བསྟི་གནས་ཁང་གི་གུ་གུ་ (Gugu Nonjinge) ལགས། ཤྲི་ལངྐཱའི་ (PILPG) ཚོགས་པའི་ཨན་ཌི་རེའོ་མན་(Andrew Mann) ལགས་བཅས་ཀྱིས་ཉམས་ཞིབ་ཀྱི་ལམ་ནས་དྲ་ལམ་བརྒྱུད་གསུང་བཤད་གནང་ཡོད།ཟབ་སྦྱོང་འདིའི་དགོས་པ་དམིགས་ཡུལ་གཙོ་བོ་ནི། ས་གནས་ཀྱི་མཉམ་འབྲེལ་ཚོགས་པ་ཁག་གི་ངོས་ནས་ཆོས་དད་མི་སྣར་བར་བརྒལ་དྲང་བདེན་ཡོང་སླད་རམ་འདེགས་ཇི་ལྟར་ཞུ་དགོས་པའི་སྐོར་ཡིན་ཞིང་། ཐེངས་འདིའི་དྲ་ཐོག་གི་དབྱེ་ཞིབ་ཟབ་སྦྱོང་འདི་བཞིན་རྒྱལ་སྤྱིའི་མཉམ་འབྲེལ་དྲན་རྟེན་ས་ཁུལ་ཚོགས་པ་ (International Coalition of Sites of Conscience) དང་རྒྱལ་སྤྱིའི་དྲང་བདེན་དང་བར་འདུམ་ (Global Initiative for Justice, Truth and Reconciliation) ཞེས་པའི་ཚོགས་པ་གཉིས་ཀྱིས་གོ་སྒྲིག་གནང་ཡོད་པ་བཅས།།