༄༅། །ཉི་ཧོང་གི་བདེ་སྲུང་བློན་ཆེན་ཟུར་པ་སྐུ་ཞབས་ནཱ་ཀ་ཊ་ནི་(Gen Nakatani) ལགས་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཧྥུ་མིའོ་ཀི་ཞི་དཱ་ (Fumio Kishida) མཆོག་གི་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་གི་སློབ་སྟོན་པར་བསྐོ་བཞག་བྱུང་བར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་དགའ་བསུའི་འཚམས་འདྲི་གནང་ཡོད། དེ་ཡང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་སྐུ་ཞབས་ནཱ་ཀ་ཊ་ནི་(Gen Nakatani) ལགས་ལ་དགའ་བསུའི་འཚམས་འདྲི་གནང་བའི་ནང་འཁོད་དོན།
སྐུ་ཉིད་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཧྥུ་མིའོ་ཀི་ཞི་དཱ་ (Fumio Kishida) མཆོག་གི་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་གི་སློབ་སྟོན་པར་བསྐོ་བཞག་བྱུང་བར་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་ལ་སྙིང་ཐག་པ་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་ཉི་ཧོང་གི་གྲོས་ཚོགས་འཐུས་མི་དང་བདེ་སྲུང་བློན་ཆེན་གནང་སྐབས་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ། ཧོང་ཀོང་བཅས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་དང་གཟེངས་སུ་ཐོན་པའི་ཕྱག་ལས་གནང་བའི་ངོས་འཛིན་དུ་སྐུ་ཉིད་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་གི་སློབ་སྟོན་པར་བསྐོ་བཞག་བྱུང་ཡོད། སྐུ་ཉིད་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་གླེང་སློང་དང་། ལྷག་པར་རྒྱལ་སྤྱིའི་ཚོགས་སྡེ་ཁག་མཉམ་འབྲེལ་ཐོག་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དེའི་འགན་རྒྱ་ནག་གཞུང་ལ་འཁུར་དུ་འཇུག་དགོས་པའི་འབད་བརྩོན་གནང་རྒྱུའི་ཡིད་ཆེས་ཡོད།
སྐུ་ཉིད་དམིགས་བསལ་འགྲོ་བ་མིའི་ཐོབ་ཐང་གི་སློབ་སྟོན་པར་བསྐོ་བཞག་བྱུང་བ་དེས་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་བོད་མི་དང་མི་རིགས་གཞན་རྣམས་ལའང་རེ་བ་ཆེན་པོ་ཞིག་བསྐྲུན་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་ཡིན་ན་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། ལྷག་པར་ཉི་ཧོང་གིས་བཟོད་བསྲན་གནང་རྒྱུ་མིན་པའི་བརྡ་ལན་ཤུགས་ཆེན་པོ་ཞིག་ཀྱང་བཏང་ཡོད། ན་ནིང་ལོར་སྐུ་ཉིད་ཀྱིས་རྒྱ་ནག་ལ་ཁ་གཏད་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་( Inter-Parliamentary Alliance on China) ཞེས་པ་དང་མཉམ་དུ་ཐུན་མོང་གིས་རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོ་བཙན་དབང་གིས་ངལ་རྩོལ་བྱས་བཅུག་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས་གཏམ་སྤེལ་གནང་བར་བོད་མི་རྣམས་ཀྱིས་ཐུགས་རྗེ་ཆེ་ཞུ་ཡི་ཡོད།
རྒྱལ་སྤྱིའི་ཐོག་རྒྱ་ནག་གི་ཤུགས་རྐྱེན་སླེབ་བཞིན་པ་ནི་དོན་དངོས་སུ་རྒྱ་ནག་གཞུང་གིས་མུ་མཐུད་འགན་ཁུར་མེད་པའི་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་མི་རིགས་གཞན་རྣམས་ལ་གཉའ་གནོན་བྱེད་བཞིན་ཡོད། སྐུ་ཉིད་ལ་འགྲོ་བ་མིའི་ཐོབ་ཐང་གི་ཐད་མཁྱེན་རྒྱ་ཡངས་པོ་དང་ཉམས་མྱོང་ཡོད་པ། དེ་བཞིན་སྐུ་ཉིད་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཐོག་དམིགས་བཀར་གྱིས་དོ་སྣང་གནང་གི་ཡོད་སྟབས། སྐུ་ཉིད་ཀྱིས་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གླེང་སློང་དང་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་གནང་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད། ཅེས་འཁོད་པ་བཅས།།