༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ལས་ཁང་གི་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༢༡ ཟླ་ ༡༡ ཚེས་ ༦ རེས་གཟའ་སྤེན་པ་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་སྐབས་ ༡༦ པའི་ལས་གཞི་གསར་པ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་(Voluntary Tibetan Advocacy Groups V-TAG) ཞེས་པ་དབུ་འབྱེད་དང་འབྲེལ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་ཡོད།དབུ་འབྱེད་མཛད་སྒོའི་ཐོག་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་གིས་དབུས་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་དང་ཕྱག་རོགས་ལས་བྱེད་རྣམ་པ། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ལས་བྱེད་རྣམ་པ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་རྣམ་པ། ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། ས་གནས་ཀྱི་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་རྣམ་པ། དེ་བཞིན་ཛུ་རིག་གཙོ་བོར་གྱུར་བའི་སུད་སིར་གནས་སྡོད་བོད་མི་མང་ཚོགས་བཅས་མཉམ་ཞུགས་གནང་ཡོད།དེ་ཡང་མཛད་སྒོའི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་ཚོགས་བཅར་བ་ཡོངས་ནས་སྐུ་བཞེངས་ཐོག་བོད་ཀྱི་རྒྱལ་གླུ་རྔ་རོལ་དང་བཅས་བཏང་རྗེས་བོད་ཀྱི་བསྟན་སྲིད་དོན་དུ་རང་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། ཐེངས་འདིར་དཔལ་ལྡན་སྲིད་སྐྱོང་མཆོག་ཡུ་རོབ་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་དང་བསྟུན་སྐབས་བཅུ་དྲུག་པའི་བཀའ་ཤག་གི་ལས་གཞི་གལ་ཆེ་བའི་ཁོངས་ནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཞེས་པའི་ལས་གཞི་གསར་པ་ཞིག་འགོ་བརྩམས་གནང་གི་ཡོད། ངས་མི་མང་འདུ་འཛོམས་ཐོག་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན། རྣམ་པ་ཚོས་མཁྱེན་གསལ་ལྟར། བོད་ནང་གི་གནས་སྟངས་ཛ་དྲག་ཆགས་ཡོད། སྤྱིར་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ད་ལྟའི་བོད་ནང་གི་ཛ་དྲག་གནས་ཚུལ་ཞེ་དྲག་མཐོང་རྒྱུ་མེད། དོན་དམ་པར་གཞིས་ལུས་བོད་མིར་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་སོགས་རྩ་བརླག་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་གཞིས་བཞུགས་བོད་མིའི་སྐུ་ཚབ་མཚོན་ཐུབ་པ་གནང་དགོས། ད་བར་སྒྲིག་འཛུགས་དང་ཚོགས་པ་སྐྱིད་སྡུག གཞན་ཡང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་སོགས་ཀྱིས་བོད་དོན་སླད་དུ་ཕྱག་ལས་ཧུར་ཐག་གནང་གི་ཡོད། ད་དུང་ཡིན་ནའང་ང་ཚོས་སྔར་ལས་ལྷག་ལས་འགུལ་དེ་རིགས་རྒྱ་སྐྱེད་གཏོང་དགོས་པ་དང་། རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་ཡོད་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་ས་གནས་སོ་སོའི་འགྲོ་སྟངས་འགྲོ་ལུགས་དང་སྐད་ཡིག་ཤེས་ཀྱི་ཡོད་སྟབས། དེར་དམིགས་ནས་སྐབས་ ༡༦ པའི་བཀའ་ཤག་གིས་ལས་གཞི་གསར་པ་དང་བླངས་བོད་ཀྱི་ཞུ་གཏུག་ལས་འགུལ་ཞེས་པ་ཞིག་བརྩམས་ཡོད། ཅེས་དང་། བོད་མི་ཚོ་དང་ལྷག་པར་བོད་པའི་གཞོན་སྐྱེས་རྣམ་པ་ཚོས་སྐབས་ ༡༦ པའི་བཀའ་ཤག་གི་ལས་གཞི་གསར་པ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་གང་མང་མཉམ་ཞུགས་གནང་རོགས། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྐོར་ངོ་སྤྲོད་གནང་།དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ལས་གཞིའི་སྐོར་ངོ་སྤྲོད་བརྙན་ཐུང་ཞིག་དབུ་འབྱེད་གནང་གྲུབ་མཚམས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་ཀྱིས་དགའ་བསུའི་གསུང་བཤད་དང་། སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་སུད་སི་དོན་ཁང་གི་ལས་བསྡོམས་སྙིང་བསྡུས་ཤིག་སྙན་སྒྲོན་གནང་རྗེས་སུད་སི་བོད་རིགས་མི་མང་ཟློས་གར་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མང་ཚོགས་ལ་གསུང་བཤད་གནང་དོན། དང་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་བའི་ཐོག་རིས་སུ་མ་ཆད་པའི་བོད་ཀྱི་བསྟན་བདག་བླ་ཆེན་རྣམ་པའི་མཛད་པ་འཕྲིན་ལས་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང་། འདིར་ཚོགས་མགོན་དུ་ཕེབས་པའི་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དབུས་པའི་དགེ་འདུན་པ་རྣམ་པ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གཙོ་བོར་གྱུར་བའི་ལུང་པ་གཞན་ནས་ཕེབས་པའི་མང་ཚོགས་ཡོངས་ལ་བཀའ་ཤག་སྐབས་ ༡༦ པ་དང་སྒེར་གྱི་ངོས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། བར་ལམ་ང་ཚོའི་སྤྱི་ཚོགས་ཁྲོད་གནས་ཚུལ་ཕྲན་བུ་ཆགས་པའི་རྒྱུ་མཚན་ལ་བརྟེན་བོད་ནང་གི་བོད་མིར་ཐུགས་ཕམ་ཤུགས་ཆེན་པོ་དང་ཐུགས་འཚབ་མང་པོ་བྱུང་ཡོད། དེར་བཟོད་གསོལ་ཞུ་རྒྱུ་དང་མ་འོངས་པ་དེ་རིགས་མི་ཡོང་བའི་ཆེད་དུ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚང་མས་འབད་འབུངས་གང་ཡོད་ཞུ་རྒྱུ་ཡིན་ཞེས་དམ་བཅའི་ཚུལ་དུ་གཞིས་ལུས་བོད་མི་ཚོར་བརྡ་ཞིག་ཕུལ་ན་བསམ་བྱུང་། ཞེས་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་བཀའ་བློན་འོས་མི་གསུམ་ལ་གྲོས་ཚོགས་ཀྱི་མང་མོས་རྒྱབ་སྐྱོར་ཐོབ་ཡོད། རིམ་བཞིན་བཀའ་བློན་རིམ་པ་ཕེབས་ཚེ་སྲིད་སྐྱོང་གི་འགན་གཙོ་བོ་ནི་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་། དེ་བཞིན་རྒྱལ་ཁབ་གཞན་དབར་འབྲེལ་བ་དང་། སྒྲིག་འཛུགས་དང་མང་ཚོགས་དབར་འབྲེལ་ལམ་ཇེ་བཟང་དུ་གཏོང་རྒྱུའི་ཐོག་དུས་ཚོད་ཕོན་ཆེན་གཏང་རྒྱུ་ཡིན། རྣམ་པ་ཚོས་ཡིད་ཆེས་གནང་བ་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མསགོན་ཆེན་པོ་མཆོག་གི་དགོངས་གཞི་གཙོ་བོ་གཞི་ལ་བཞག་པའི་ཐོག་ལས་ཀ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡུལ་ལུང་འདྲ་མིན་གྱི་མི་སེར་ཡིན་པ་དང་། སྐད་ཡིག་དང་སྲིད་གཞུང་འདྲ་མིན་གྱི་འགྲོ་སྟངས་སོགས་ཤེས་མཁན་གྱི་བོད་མི་སྤྱི་དང་། ལྷག་པར་བོད་པའི་གཞོན་སྐྱེས་རྣམ་པས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ལས་གཞི་ནང་མཉམ་ཞུགས་གནང་དགོས་པའི་རེ་སྐུལ་དང་། རྒྱལ་སྤྱིའི་གནས་བབས་དང་མཐུན་པའི་ཐོག་ནས་བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནས་བབས་ལ་དོ་སྣང་བྱེད་དགོས་པ་མ་ཟད། བོད་ནང་རང་དབང་སླར་གསོ་ཡོང་སླད་བོད་ཀྱི་ལོ་རྒྱུས་བཀླགས་ཏེ་ཞིབ་ཚགས་པོ་ཤེས་ཐུབ་པ་དགོས་རྒྱུ་ཡང་ཧ་ཅང་གལ་ཆེན་པོ་ཡིན། ཞེས་དང་། བཀའ་ཤག་སྐབས་ ༡༦ པའི་ངོས་ནས་གྲངས་ཐོ་དེ་བཞིན་ཧ་ཅང་གི་གནད་འགག་ཆེན་པོ་རྩི་ཡི་ཡོད་སྟབས། ལས་གཞི་གསར་པ་གང་སྤེལ་ཡང་གྲངས་ཐོ་གཞིར་བཞག་ཐོག་སྤེལ་རྒྱུ་ཡིན་ཞེས་སོགས་ཀྱི་སྐོར་གསུངས།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གོང་ཚེས་ཉིན་གྱི་སྔ་དྲོ་སུད་སི་ས་གནས་བོད་ཀྱི་བུད་མེད་ཚོགས་པའི་ཚོགས་མི་རྣམ་པ་ཐུག་འཕྲད་ཀྱིས་གསུང་བཤད་གནང་བ་མ་ཟད། ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་མི་དང་ཐུག་འཕྲད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་ལས་དོན་གནང་ཕྱོགས། དེ་བཞིན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་དང་། གཞོན་སྐྱེས་རྣམ་པས་དོགས་འདྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད། ལྷག་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རིགས་གཞོན་སྐྱེས་རྣམ་པ་ཚོས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་བཞུགས་གནང་སྟེ་རང་ནུས་གང་ཡོད་བོད་སྤྱི་པའི་རྩ་དོན་ཆེད་འདོན་དགོས་པའི་ལམ་སྟོན་གནང་ཡོད། ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ནི། ལོ་ངོ་ ༤༠ གོང་གསར་འཛུགས་གནང་བའི་ཡུ་རོབ་ཁུལ་གྱི་བོད་རིགས་གཞོན་སྐྱེས་ཚོགས་པ་ཆེ་ཤོས་ཤིག་ཡིན་ཞིང་། ཚོགས་པའི་ཚོགས་གཙོ་གཞི་སྲས་ཚང་བཀྲ་ཤིས་ལགས་ཀྱིས་ད་རེས་བོད་པའི་གཞོན་སྐྱེས་ཚོ་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཐུགས་འཕྲད་གནང་རྒྱུའི་གོ་སྐབས་བཟང་པོ་ཞིག་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་གསུངས། ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཨི་ཊ་ལཱི་དང་སུད་སིའི་ཁུལ་གྱི་གཞུང་འབྲེལ་འཚམས་གཟིགས་ཁག་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༧ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ཛུ་རིག་གྲོང་ཁྱེར་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།