༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ལས་ཁང་གི་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སི་གྲོང་ཁྱེར་ཛུ་རིག་ཏུ་ཕེབས་འབྱོར་གྱིས་ས་གནས་སུ་གནད་ཡོད་མི་སྣ་མཇལ་འཕྲད་དང་། གསར་འགོད་པའི་བཅར་འདྲིར་དང་ལེན། དེ་བཞིན་བགྲོ་གླེང་ལྷན་ཚོགས་སུ་མཉམ་ཞུགས་གནང་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཛུ་རིག་མངའ་སྡེ་གཞུང་གི་འཛིན་སྐྱོང་ལྷན་ཁང་གི་ཚོགས་མི་དང་བདེ་སྲུང་འགན་འཛིན་སྐུ་ཞབས་མ་རི་ཡི་ཕེར་ (Mario Fehr) མཆོག་དང་། སུད་བོད་མཛའ་འབྲེལ་ཚོགས་པའི་འཇར་མན་སྡེ་ཚན་གྱི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད་གནང་ཡོད། སྐབས་དེར་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་(Thomas Buchli) ལགས་ཀྱིས་གཙོས་སུད་བོད་མཛའ་འབྲེལ་ཚོགས་པའི་དམིགས་བསལ་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས། དེ་བཞིན་སུད་སིར་ཐོག་མ་སླེབས་མཁན་གྲས་ཀྱི་བོད་མི་སོགས་ཕེབས་ཡོད། མཇལ་འཕྲད་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་སུད་སིའི་མང་ཚོགས་ཁྲོད་བོད་དང་བོད་མིའི་དངོས་ཡོད་གནས་སྟངས་སྐོར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་གོ་རྟོགས་རྒྱ་ཆེ་སྤེལ་དགོས་པའི་འབོད་སྐུལ་གནང་ཡོད། གཞན་ཡང་གོང་ཚེས་ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་ཀྱི་ཚགས་ཤོག་གྲགས་ཅན་ཊ་གྷི་སི་ཨན་ཛེ་གར་ (Tagis Anzeiger) ཞེས་པའི་གསར་འགོད་པ་ཝིན་སན་ཛོ་ཁེ་པོ་ཌི་སི་ (Vincenzo Capodici) ལགས་ཀྱི་བཅར་འདྲིའི་ལས་རིམ་ཐོག་མཉམ་ཞུགས་གནང་བ་མ་ཟད། ནོར་བཟང་ཐེབས་རྩ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད་གནང་ཡོད།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་རི་ཀོན་ཆོས་འཁོར་དགོན་དུ་ཕེབས་འབྱོར་སྐབས་དགོན་པའི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་ལགས་དང་། རི་ཀོན་ཆོས་འཁོར་དགོན་གྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཀརྨ་སྒྲོལ་མ་བློ་བཟང་ལགས། འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཧྥི་ལི་ཕི་ (Philip) ལགས། དེ་བཞིན་ཚོགས་མི་དང་དགོན་པའི་དགེ་འདུན་པ་རྣམ་པས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། ཕྱི་ཚེས་ ༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་སུ་བཀའ་ཤག་སྐབས་ ༡༦ པའི་ལས་གཞི་གསར་པ་དང་བླངས་བོད་ཀྱི་ཞུ་གཏུག་ལས་འགུལ་ཚོགས་པ་ (Voluntary Tibet Advocacy Groups (V-TAG) ཞེས་པ་དབུ་འབྱེད་གནང་རྒྱུ་དང་། དབུ་འབྱེད་ཀྱི་ལས་རིམ་ཡོངས་རྫོགས་རྒྱ་གར་གྱི་དགོང་དྲོ་ཆུ་ཚོད་ ༩།༣༠ ཐོག་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་པ་བཅས།།