༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༣༠ རེས་གཟའ་སྤེན་པའི་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨི་ཊ་ལཱིའི་གྲོང་ཁྱེར་མི་ལན་དུ་ཕེབས་འབྱོར་སྐབས་ས་གནས་བོད་མིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཨི་ཊ་ལཱིའི་གྲོང་ཁྱེར་མི་ལན་དུ་གནས་སྡོད་བོད་མི་རྣམས་ཀྱི་གོ་སྒྲིག་འོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགེ་འཕེལ་ཆོས་ཚོགས་ཀྱི་ཚོགས་ཁང་དུ་ཨི་ཊ་ལཱིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷེར་ཏོ་རམ་པི་ (Senator Roberto Rampi) ལགས་ཀྱིས་གཙོས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ཁག་གཅིག་མཇལ་འཕྲད་གནང་ཡོད་པ་མ་ཟད། བོད་དོན་སྐོར་དང་བོད་མིའི་སྒྲིག་བཀའ་ཤག་གི་ལས་དོན་སོགས་ཀྱི་སྐོར་གླེང་མོལ་དང་། ས་གནས་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་དོན། ད་རེས་ཨི་ཊ་ལཱིར་སླེབས་ཐུབ་པ་དེ་ང་ཚོ་ཕན་ཚུན་ཐུག་འཕྲད་བྱེད་རྒྱུའི་ལས་དབང་ཡོད་པ་གསལ་པོ་བསྟན་པ་རེད། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བྱིན་རླབས་ཡོད་པ་དང་ལྷ་ཆོས་སྐྱོང་སྲུང་མའི་གྲོགས་འཕྲིན་ལས་ཡོད་པ། དེའི་སྟེང་མིས་དཀའ་ལས་བརྒྱབ་པ་ཡིན་ན་དོན་དག་སྒྲུབ་ཀྱི་ཡོད་པའི་རྟགས་འཐོན་ཡོང་གི་འདུག འདིར་མ་སླེབས་གོང་བདུན་ཕྲག་གཅིག་ཙམ་གྱི་རིང་རྒྱ་གར་བྱང་ཤར་ཀ་སྦུག་དང་སྒང་ཏོག རྡོར་གླིང་ཁུལ་དུ་ཕྱིན་པ་རེད། དེ་རིང་འདིར་རྣམ་པ་ཚོ་དང་ལྷན་ཐུག་འཕྲད་བྱེད་རྒྱུའི་གོ་སྐབས་བྱུང་བར་ངས་བཀའ་ཤག་སྐབས་ ༡༦ དང་ང་རང་སྒེར་གྱི་ངོས་ནས་འདིར་ཡོད་པའི་བོད་མི་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། འདིར་འབྱོར་བ་དང་ཨི་ཊ་ལཱིའི་ལྷོ་ཊི་རོལ་ (South Tyrol) རང་སྐྱོང་ས་ཁུལ་དུ་བཅར་བ་ཡིན། ཨི་ཊ་ལཱི་དབུས་གཞུང་དང་ས་གནས་སྲིད་གཞུང་གཉིས་ཀར་ཆབ་སྲིད་ཀྱི་འདུན་པ་ཡོད་ཚེ་དཀའ་རྙོག་ཇི་འདྲ་ཞིག་ཡིན་རུང་སེལ་ཐུབ་རྒྱུའི་མཚོན་རྟགས་ཤིག་རེད། ཕྱི་ལོ་ ༡༩༩༣ ལོ་ནས་བཟུང་ཨི་ཊ་ལཱིའི་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་ས་གནས་སྲིད་གཞུང་དང་ལྷན་འབྲེལ་བ་ཡོད་པའི་གནས་སྟངས་ཤིག་གི་འོག་ནས་ལྷོ་ཊི་རོལ་རང་སྐྱོང་འདི་བཞིན་དེ་སྔ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་བོད་ཀྱི་རང་སྐྱོང་གནས་བབ་སྐོར་བཀའ་སློབ་གནང་བའི་སྐབས་མིག་དཔེ་ལྟ་ཡུལ་གཅིག་ནི་ལྷོ་ཊི་རོལ་བཞག་གནང་གི་ཡོད།
དེར་བརྟེན་ས་གནས་སུ་སླེབས་རྗེས་ལྷོ་ཊི་རོལ་རང་སྐྱོང་མངའ་ཁུལ་གྱི་རྒྱལ་ས་བྷོལ་ཛ་ནོར་དུ་ཡོད་པའི་བྷོལ་ཛ་ནོའི་ཡུ་རོབ་ཤེས་ཡོན་ཉམས་ཞིབ་བསྟི་གནས་ཁང་གི་ཚོགས་གཙོ་སྐུ་ཞབས་རོ་ལན་ཌི་ (Roland Psenner) ལགས་ཀྱིས་གཙོས་ཉམས་ཞིབ་པ་སོགས་དང་ཐུག་འཕྲད་དང་། དེ་བཞིན་བྷོལ་ཛ་ནོའི་སྲིད་འཛིན་མཆོག་དང་མཇལ་འཕྲད་ཀྱིས་དེ་སྔ་འབྲེལ་བ་ཡོད་པ་དག་དང་། མུ་མཐུད་གནས་བཞིན་པ་ཁག་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས་ཀྱི་ཡོད་མེད་སྐོར་བཀའ་བསྡུར་བྱུང་། དེ་རྗེས་ཏེ་རན་ཏི་ནོ་རང་སྐྱོང་མངའ་ཁུལ་གྱི་སྤྱི་ཁྱབ་གཞོན་པ་མཆོག་དང་བོད་ཀྱི་གྲོགས་པོ་ཁག་གཅིག་དང་ཐུག་འཕྲད་བྱུང་།
སྤྱིར་ལོ་རྒྱུས་ཀྱི་ཐོག་ནས་བོད་དང་ཨི་ཊ་ལཱི་དབར་འབྲེལ་བ་ཧ་ཅང་རྙིང་པ་དང་གཏིང་ཟབ་པོ་རེད། ངས་སྲིད་སྐྱོང་གི་འགན་འཁུར་ཏེ་དེ་རིང་འདིར་སླེབས་པ་དེས་སྔར་ཨི་ཊ་ལཱི་དང་བོད་དབར་འབྲེལ་བ་ཡོད་པ་འདི་དྲན་གསོ་ལྟ་བུ་ཧ་ཅང་ཡག་པོ་བྱུང་།
ཨི་ཊ་ལཱིའི་རྒྱལ་ས་རོམ་དུ་རྒྱ་ནག་ལ་ཁ་གཏད་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ (Inter Parliamentary Alliance on China) ཞེས་པའི་ཚོགས་འདུར་མགྲོན་འབོད་ཀྱིས་གཏམ་བཤད་བྱེད་རྒྱུའི་གོ་སྐབས་གནང་བ་རེད། ཚོགས་འདུ་ཚོགས་ས་དེ་ཨི་ཊ་ལཱིའི་གྲོས་ཚོགས་ཀྱི་ཉེ་འགྲམ་དུ་ཚོགས་པ་རེད། ཕར་ཕྱོགས་དེར་ (G 20 Rome Leaders’ Summit ) ཞེས་པའི་ཚོགས་འདུ་ཚོགས་བཞིན་ཡོད། ཚོགས་འདུ་དེས་སྟོབས་ཆེན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཚོར་རྒྱ་ནག་གཞུང་གིས་བོད་ཙམ་མིན་པར་རྒྱ་ནག་ཁྱོན་ཡོངས་ནང་གྲངས་ཉུང་མི་རིགས་ལ་དྲག་གནོན་ཇི་ཙམ་གཏོང་བཞིན་ཡོད་པ་ངོ་སྤྲོད་དང་དོ་སྣང་སླེབ་རྒྱུའི་ཆེད་ཚོགས་པ་རེད། སྐབས་དེར་ཨི་ཊ་ལཱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་དང་མཇལ་འཕྲད་བྱུང་། དེ་རིང་འདིར་ཨི་ཊ་ལཱིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རོ་བྷེར་ཏོ་རམ་པི་ (Senator Roberto Rampi) ལགས་ཕེབས་ཡོད། ཁོང་ནི་བོད་དོན་ལ་ཤ་ཚ་ཤུགས་ཆེ་ཡོད་མཁན་དང་བོད་དོན་ཐོག་དུས་རྟག་ཏུ་འགན་འཁྱེར་མཁན་ཞིག་རེད། བོད་དོན་སླད་ཨི་ཊ་ལཱིའི་གྲོས་ཚོགས་འཐུས་མི་དམ་པ་སྐུ་ཞབས་མར་ཀོ་པ་ནེ་ལ་ (Marco Panella) ལགས་ཀྱིས་གཙོས་གྲོས་ཚོགས་འཐུས་མི་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཚང་མ་བཀའ་དྲིན་ཆེན་པོ་ཡིན་པ་ཚོར་གྱི་ཡོད།
ང་ཚོ་བཙན་བྱོལ་དུ་སླེབས་ནས་ལོ་ ༦༠ ལྷག་ཙམ་འགྲོ་བཞིན་ཡོད། ང་ཚོའི་འཐབ་རྩོད་ཡང་མུ་མཐུད་གནས་ཡོད། བོད་པའི་སྤྱི་ཚོགས་འདི་ཉིད་ཧྲ་ཐག་ཐག་གནས་པ་དེ་༸རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དང་ཐུགས་རྗེ་བྱིན་རླབས་ལ་བརྟེན་ནས་བྱུང་བ་ཞིག་རེད། ང་ཚོས་མགོན་པོ་གང་ཉིད་མཆོག་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུའི་འགན་ཆེན་པོ་ཡོད་པ་ལྟར་ཞུ་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་། །