༄༅། །རྒྱ་གར་གྱི་ཕྱི་སྲིད་གསར་འགོད་མཐུན་ཚོགས་(Indian Association of Foreign Affairs Correspondents) ནས་མགྲོན་འབོད་ཞུས་པ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢༦ རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་ (India International Centre) དུ་རྒྱ་གར་གྱི་ཕྱི་སྲིད་གསར་འགོད་མཐུན་ཀྱི་ཚོགས་མི་རྣམ་པ་དང་ལྷན་དུ་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་མོལ་གནང་ཡོད་པ་དང་། སྐབས་དེར་རྒྱ་གར་གྱི་ཕྱི་སྲིད་གསར་འགོད་མཐུན་ཚོགས་ཀྱི་འབྲེལ་མཐུད་པ་དང་འགན་འཛིན་སྐུ་ཞབས་ཝི་ཇེ་ནཱ་ཡག་(Vijay Naik) ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་སྐོར་གསར་འགོད་པ་རྣམས་ལ་ངོ་སྤྲོད་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་ཕྱི་སྲིད་གསར་འགོད་མཐུན་ཚོགས་ནས་གླེང་མོལ་གྱི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་ཨེ་ཤི་ཨན་ཨེ་ཇི་(Asian Age) དང་། པི་རིན་ཊི། (The Print) ཊི་བྷུན། (The Tribune) ཝ་ཡར། (The Wire) སོགས་ཀྱི་སྐུ་ཚབ་གྲངས་༢༠ ལྷག་ལ་བོད་ཀྱི་གནད་དོན་སྤྱིའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་གར་ལ་རེ་བ་ཇི་གནང་གི་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་པ་རྣམས་ལ་རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་དང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཀྱི་སློབ་སྟོན་པ་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་(Micheal van Walt van Praag) མཆོག་གིས་དེ་སྔ་བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་ཅིག་བརྩམས་ཡོད་པ་དང་། ཉེ་ཆར་ཁོང་གིས་བོད་ཀྱི་གནས་ཚུལ་གནད་བསྡུས་ (The Tibet Brief 20/20) ཞེས་པའི་དཔེ་དེབ་ཅིག་བརྩམས་པའི་ནང་སྔ་མོ་བོད་ཀྱི་ལོ་རྒྱུས་ནང་བོད་ནི་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། རྒྱ་ནག་གི་ཆ་ཤས་སུ་ནམ་ཡང་ཆགས་མྱོང་མེད་པ་གསལ་ཡོད་ལ། རྒྱ་ནག་གིས་ནམ་ཡང་བོད་ཀྱི་བདག་དབང་བཟུང་མྱོང་མེད། ཅེས་འཁོད་ཡོད་པའི་སྐོར་གླེང་སློང་གནང་ཡོད།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། བོད་མིའི་ཆོས་དང་རིག་གཞུང་། དེ་བཞིན་སྐད་ཡིག་དང་བཅས་པ་རྩ་གཏོར་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་སོགས་ཀྱི་སྐོར་གསུངས། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་པ་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་ཀྱིས་བོད་ནང་གི་གནས་སྟངས་དང་བོད་ནས་གནས་ཚུལ་ཇི་ལྟར་ཡོང་གི་ཡོད་པ་སོགས་ཀྱི་སྐོར་གསུངས།
མཐར་རྒྱ་གར་གྱི་ཕྱི་སྲིད་གསར་འགོད་མཐུན་ཚོགས་ཀྱི་ཟུང་འབྲེལ་འབྲེལ་མཐུད་པ་སྐུ་ཞབས་སན་ཇེ་ཀ་པུར་(Sanjay Kapoor) ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་པ་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་དང་། དེ་བཞིན་བོད་དོན་དང་བོད་མིའི་རང་དབང་འཐབ་རྩོད་སོགས་ཀྱི་སྐོར་འགྲེལ་བརྗོད་ཀྱིས་བློ་སྐྱེད་གསར་པ་ཞིག་བསྐྲུན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས།།