༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ལས་ཁང་གི་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༤ རེས་གཟའ་ཟླ་བ་ཉིན་སུད་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སི་རྒྱལ་ས་བྷེན་དུ་ཕེབས་འབྱོར་གྱིས་སུད་སིའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནི་ཀོ་ལ་སི་ཝལ་ཌར་ (Nicholas Walder) མཆོག་གིས་དབུས་ཚོགས་མི་ལྕམ་སྐུ་པི་རི་སི་ཀ་ (Prisca Birrer-Heimo) མཆོག་དང་སྐུ་ཞབས་ཝར་མུ་ཐི་ (Cédric Wermuth) ལགས་བཅས་དང་ལྷན་མཇལ་འཕྲད་གནང་ཡོད།
སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པའི་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་སོགས་རྩ་བརླག་ཏུ་གཏོང་བཞིན་པའི་གནས་སྟངས་ཁག་ངོ་སྤྲོད་དང་། རྒྱལ་ཁབ་ཁག་གི་ཆབ་སྲིད་ཀྱི་དབུ་ཁྲིད་རྣམ་པས་བོད་ནི་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་མ་ཡིན་པའི་དངོས་ཡོད་གནས་ཚུལ་ཁག་གང་ཐུབ་གླེང་སློང་གནང་དགོས་པའི་འབོད་སྐུལ་གནང་བ་དང་སྦྲགས། བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ནི་བཟང་སྤྱོད་ཀྱི་གནད་དོན་ཞིག་ཡིན་པ་ལས་ཆབ་སྲིད་ཀྱི་གནད་དོན་མིན། ཞེས་གསུངས།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་རྣམ་པ་དང་ལྷན་བོད་ཀྱི་བདེན་པའི་འཐབ་རྩོད་ཀྱི་ནུས་པ་ཆེ་རུ་གཏོང་ཐབས་སུ་མ་འོངས་ལས་དོན་གནང་ཕྱོགས་སྐོར་གོ་བསྡུར་སྦྱངས་བཤད་གནང་ཡོད། སྐབས་དེར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ནི་ཀོ་ལ་སི་ཝལ་ཌར་མཆོག་གིས་ད་ལྟའི་ཆར་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་ཚོགས་མི་གྲོས་ཚོགས་འཐུས་མི་གྲངས་ ༢༠ ཡོད་པ་མ་ཟད། མུ་མཐུད་རྒྱ་སྐྱེད་གནང་རྒྱུ་ཡིན་པའི་སྐོར་དང་། ཐེངས་འདིའི་མཇལ་འཕྲད་ལས་རིམ་འདི་བཞིན་ལམ་ལྷོངས་ལྡན་པ་ཞིག་བྱུང་ཡོད་པའི་སྐོར་གསུངས། སུད་བོད་མཛའ་འབྲེལ་ཚོགས་པ་ནི་ཕྱི་ལོ་ ༡༩༨༣ ལོར་རྒྱ་ནག་གཞུང་གི་འཁྱོག་བཤད་ལ་དགག་ལན་བྱ་རྒྱུའི་དམིགས་ཡུལ་གཙོ་བོར་བཟུང་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་སྐོར་སུད་སི་གཞུང་མང་གཉིས་ལ་གོ་རྟོགས་སྤེལ་སླད་གསར་འཛུགས་གནང་བ་ཞིག་ཡིན།སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན་ལྷ་དབང་ལགས་ཀྱིས་ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་མཇལ་འཕྲད་དམིགས་ཡུལ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད། མཇལ་འཕྲད་ཀྱི་ལས་རིམ་ཐོག་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཐོ་མ་སི་ (Thomas Buchli) ལགས་དང་། ཚོགས་གཞོན་ལྷ་དབང་ལགས། སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས། སུད་སི་ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ་ཚེ་རིང་གཡུ་སྒྲོན་ལགས། ཡུ་རོབ་བོད་རིགས་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཞོན་དགྲ་ལྷ་དབང་ལྡན་ལགས་བཅས་མཉམ་ཞུགས་གནང་ཡོད། ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་སིར་བོད་པའི་ཚོགས་པ་ཁག་གི་གོ་སྒྲིག་འོག་ ༼ བོད་ནི་རྒྱ་ནག་གི་ཆ་ཤས་ཤིག་ནམ་ཡང་མིན། རྒྱ་ནག་གཅིག་གི་སྲིད་བྱུས་ཟེར་བ་དོར་དགོས། ༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་མཉམ་ཞུགས་གནང་ཡོད།བགྲོ་གླེང་ལྷན་ཚོགས་དེའི་ཐོག་རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Dr. Michael van Walt van Praag) མཆོག་དང་། སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ལྕམ་སྐུ་རེ་གུ་ལ་ (Regula Rytz) མཆོག རྩོམ་པ་པོ་སྐུ་ཞབས་རོལ་ཧྥི་( Rolf Bächli) ལགས། རྒྱ་གར་གྱི་གསར་འགོད་པ་སྐུ་ཞབས་ཝི་ཇེ་ཀརནྟི་ (Vijay Kranti) ལགས་བཅས་མཉམ་ཞུགས་གནང་ཡོད། བགྲོ་གླེང་ལྷན་ཚོགས་དེ་བཞིན་ལྕམ་སྐུ་ཁི་ལོ་ཌི་ཡ་ (Claudia Sedioli Maritz) ལགས་ཀྱིས་གཙོ་སྐྱོང་གནང་ཡོད། གཞན་ཡང་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུད་སིའི་རྒྱལ་ས་བྷེན་གྱི་གནད་ཡོད་མི་སྣ་གཞན་ཁག་གཅིག་དང་ལྷན་ཟུར་དུ་མཇལ་འཕྲད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཚེས་ ༥ ཉིན་གྲོང་ཁྱེར་ཛུ་རིག་ཏུ་ཕེབས་ཐོན་ཡོད་པ་བཅས།