༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ལས་ཁང་གི་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཇི་ནི་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འབྲེལ་ཡོད་མི་སྣ་དང་། ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་སྦྲེལ་རྒྱལ་ཚོགས་སུ་ཨ་རིའི་གཏན་འཇགས་སྐུ་ཚབ་བྷེན་ཇ་མིན་ (Benjamin W. Moeling) ལགས་སོགས་ཀྱིས་གཙོས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Michael Van Walt Van Praag) ལགས་དང་ལྷན་དུ་ (Geneva Graduate Studies) ཞེས་པའི་ས་གནས་ཀྱི་གཙུག་ལག་སློབ་ཁང་དུ་སློབ་མ་ཁག་གཅིག་ལ་བོད་དོན་གསུང་བཤད་དང་། དེ་བཞིན་སུད་བོད་མཛའ་འབྲེལ་ཚོགས་པའི་ས་གནས་ཀྱི་ཚོགས་མི་ཁག་གཅིག་དང་མཇལ་འཕྲད་གནང་ཡོད། དེ་ཡང་ཇི་ནི་ཝ་གཙུག་ལག་སློབ་ཁང་དུ་༼དུས་རབས་ཉེར་གཅིག་པའི་ནང་གི་ཕྱི་འབྲེལ་ལས་དོན། བོད་ཀྱི་ཆབ་སྲིད་དང་ཁྲིམས་ཐོག་གི་གནས་བབ།༽ ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ལས་རིམ་ཐོག་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ལགས་ཀྱིས་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ལ་བདག་དབང་ཡོད་སྐོར་བཤད་བཞིན་པ་དེ་དག་གཞི་རྩ་གང་ཡང་མེད་པའི་སྐོར་གསུང་བཤད་གནང་བ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཙན་བྱོལ་ནང་བོད་མིའི་མང་གཙོའི་འཕེལ་རིམ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་སྐོར་ངོ་སྤྲོད་གནང་སྟེ་སློབ་མ་རྣམ་པའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད། གསུང་བཤད་ཀྱི་ལས་རིམ་དེ་བཞིན་གཙུག་ལག་སློབ་ཁང་གི་ཨེ་ཤི་ཡ་སློབ་ཕྲུག་རང་འགུལ་ཚོགས་པ་དང་གཞོན་སྐྱེས་སྐུ་ཚབ་རང་འགུལ་ཚོགས་པ་བཅས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ཁྱོན་སློབ་མ་གྲངས་ ༢༠ ཡས་མས་ཤིག་མཉམ་ཞུགས་གནང་ཡོད། ཕྱི་དྲོར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕ་རན་སིའི་སྐད་ཡིག་བེད་སྤྱོད་གནང་མཁན་ས་ཁུལ་ཁག་གི་སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་དང་ཐུག་འཕྲད་ཀྱིས་མ་འོངས་ལས་དོན་གནང་ཕྱོགས་ཐད་འཆར་གཞི་ཇི་ཡོད་སྐོར་གསུང་བཤད་དང་ཚོགས་མི་རྣམ་པའི་དྲི་བར་ལན་འདེབས་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཇི་ནི་ཝ་གྲོང་ཁྱེར་རུ་ཉིན་གྲངས་གསུམ་གྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་རྗེས་ཕྱི་ཚེས་ ༤ ཉིན་སུད་སི་རྒྱལ་ས་སྦན་ (Bern) དུ་ཕེབས་ཐོན་གྱིས་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་དང་གསུང་བཤད་གནང་རྒྱུ་སོགས་ཀྱི་ལས་རིམ་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།