༄༅། །ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོ
གོ་སྒྲིག་ཚོགས་ཆུང་ནས་གསུང་བཤད་ཀྱི་བརྗོད་གཞི་ཁག་ལྔ་གཏན་འབེབས་གནང་བ་ནི། ཐའེ་ཝན་གྱི་ཡ་རབས་བཟང་སྤྱོད་རིག་གཞུང་། སློབ་དེབ་ནང་མི་གསལ་བའི་དར་ཁྱབ་ཆེ་བའི་རྒྱ་སྐད་ཚིག་གསར། གསར་འགྱུར་ལེ་ཚན་ཞིག་ལ་བསམ་ཞིབ། ཏོག་དབྱིབས་ནད་ཡམས་ནས་བསླབ་བྱ་ཇི་ལེན། ཁེར་རྐྱང་གནས་པའི་དུས་སུ་སྤྱོད་ཚུལ་སྟོན་སྟངས་བཅས་ཡིན་པ་དང། ཚེ་རིང་མཐར་ཕྱིན་ལགས་ནས་ཏོག་དབྱིབས་ནད་ཡམས་ནས་བསླབ་བྱ་ཇི་ལེན་སྐོར་གཏམ་བཤད་གནང་ནས་བྱ་དགའ་ཐོབ་པ་ཞིག་རེད་འདུག་ལ། ཨང་དང་པོའི་བྱ་དགའ་ཨ་རི་ནས་ཡིན་པའི་སློབ་ཕྲུག་དང་། ཨང་གསུམ་པ་ཉི་ཧོང་གི་སློབ་ཕྲུག་ཅིག་ལ་ཐོབ་འདུག སྤྱིར་ཕྱི་རྒྱལ་སློབ་ཕྲུག་གི་རྒྱ་སྐད་གཏམ་བཤད་འགྲན་བསྡུར་འདི་བཞིན་ཕྱི་རྒྱལ་སློབ་ཕྲུག་ཁྲོད་རྒྱ་ཡིག་ལ་དོ་སྣང་ཆེན་པོ་སླེབས་ཐབས་ཀྱི་ལས་གཞི་ཞིག་ཡིན་འདུག་པ་དང། གོ་སྒྲིག་ཚོགས་ཆུང་ནས་ད་བར་ཐེངས་ ༤༩ ཙམ་གོ་སྒྲིག་ཞུས་ཡོད་འདུག ཚེ་རིང་མཐར་ཕྱིན་ལགས་ལོ་ན་ ༡༢ སོན་སྐབས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་བོད་ཁྱིམ་སློབ་གྲྭ་དང། ལྡི་ལི་ནེ་རུ་གཙུག་ལག་སློབ་གཉེར་ཁང་བཅས་ནས་སློབ་པ་མཐར་སོན་གྱིས་ད་ལྟའི་ཆར་ཐའེ་ཝན་ནང་རྒྱ་ཡིག་སློབ་སྦྱོང་བྱ་མུས་ལོ་གཉིས་ཟིན་ཡོད་པ་དང། ཁོང་གི་གསུང་དོན་བོད་ཀྱི་དངོས་ཡོད་ལོ་རྒྱུས་དང། ད་ལྟའི་གནས་བབ་ཁག་རྒྱ་མི་རིགས་གཞོན་སྐྱེས་རྣམས་ལ་གོ་རྟོགས་སྤེལ་ཐུབ་པ་བྱེད་པ་ལ་རྒྱ་སྐད་ཤེས་དགོས་པ་ནི་མེད་དང་མི་རུང་བ་ཞིག་ཆགས་ཀྱི་ཡོད་སྟབས་ཁོང་ཐའེ་ཝན་དུ་སླེབས་དགོས་པའི་དམིགས་ཡུལ་གཙོ་བོ་ཡང་ཆགས་ཀྱི་ཡོད་སྐོར་བརྗོད་འདུགཡང་གནས་ཚུལ་གཞན་ཞིག་ལ་ཐའེ་ཝན་དུ་རྒྱ་ཡིག་སློབ་སྦྱོང་དང་ཉམས་ཞིབ་ལས་ཀ་གཅིག་ལྕོགས་གནང་མཁན་འབུམ་རམས་པ་སྒྲོལ་མ་ཚེ་རིང་ལགས་ནས་ཀྱང་ཕྱི་ཟླ་ ༡༡ ཚེས་ ༡༤ དང་ ༡༥ ཉིན་གཉིས་རིང་རྒྱལ་གཉེར་ཁྲིན་ཀུང་གཙུག་ལག་སློབ་གཉེར་ཁང་ (National Cheng Kun University) དང་། རྒྱལ་གཉེར་འགྲོ་བ་མིའི་ཐོབ་ཐང་འགྲེམས་སྟོན་ཁང་ (National Museum of Human Rights) ཐུན་མོང་ནས་གོ་སྒྲིག་གནང་བའི་ཐའེ་ལྷོ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྒྱུ་རྩལ་དུས་ཆེན་ལ་ཐེངས་དང་པོ་རྒྱ་སྐད་ཐོག་གཏམ་བཤད་གནང་ཡོད་པ་དང། དུས་ཆེན་ཐོག་མཁས་དབང་གཞན་མཉམ་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་ཚུལ་དང། བཙན་བྱོལ་ནང་གི་བོད་མིའི་གནས་སྟངས། མོ་དང་མོ་འདྲ་བ་བཙན་བྱོལ་ནང་འཚར་ལོངས་བྱུང་ཞིང་། སོ་སོའི་རྒྱལ་ཁབ་གཞན་གྱི་དབང་བསྒྱུར་འོག་ཡོད་པའི་མི་སྣ་ཞིག་རྒྱལ་སྤྱིའི་ཐོག་སློབ་སྦྱོང་དང་ལས་ཀའི་བརྒྱུད་རིམ་ཁྲོད་དཀའ་ཚེགས་ཀྱི་ལོ་ཟླ་སོགས་སྐོར་ཕན་ཚུན་བགྲོ་གླེང་ལྷུག་པོ་བྱུང་འདུག ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་གོང་གསལ་ཚེ་རིང་མཐར་ཕྱིན་ལ་ཡིག་ཐོག་འཚམས་འདྲིའི་ཡི་གེ་དང། སྒྲོལ་མ་ཚེ་རིང་ལ་ངག་ཐོག་ནས་སེམས་ཤུགས་སྤར་བའི་འཚམས་འདྲི་བཏང་ཡོད་པ་བཅས།།