༄༅། །སྐབས་ ༡༦ པའི་བཀའ་ཤག་གིས་དེ་སྔའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་གནང་སྟེ། དེའི་ཚབ་ཏུ་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་བཙུགས་ཡོད་པ་ལྟར། ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་འདི་ཟླའི་ཚེས་ ༡༦ ནས་ ༡༨ བར་ཉིན་གསུམ་རིང་བཞུགས་སྒར་ནོར་གླིང་ཉེ་འཁྲིས་སུ་འཚོགས་བཞིན་ཡོད།
དེ་ཡང་ཐེངས་འདིའི་ཚོགས་འདུའི་གྲོས་གཞི་གཙོ་བོ་ནི། ཚོགས་ཆུང་གི་ལས་དོན་གྲ་སྒྲིག་ཞུ་སྒོའི་སྐོར་ལ་ཡིན་འདུག་ཅིང་། ཚོགས་ཞུགས་པའི་ཁོངས་སུ་ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས། དེ་བཞིན་བདེ་སྲུང་དང་། ཕྱི་དྲིལ། སྲིད་ཇུས་ཉམས་ཞིབ་ཁང་བཅས་ཀྱི་དྲུང་ཆེ་དང་། ཆབ་སྲིད་དྲུང་ཆེ་བཅས་གཏན་འཇགས་ཚོགས་མི་རྣམ་པ་ཡོད་པ་དང་། དམིགས་བསལ་གདན་ཞུས་དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་ཀྱང་ཚོགས་ཞུགས་གནང་འདུག
འདི་སྔོན་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ནང་ཁུལ་ཚོགས་འདུ་ཁག་ཅིག་ཚོགས་ཡོད་ནའང་། ཐེངས་འདིར་ཚོགས་མི་ཆ་ཚང་ངོ་ཕེབས་ཀྱི་རྒྱས་འཛོམས་ཐོག་མ་དེ་ཡིན་འདུག་ལ། ཚོགས་འདུའི་དབུ་བཞུགས་སུ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཉིན་གསུམ་གར་ཆེད་ཕེབས་གནང་གཏན་འཁེལ་ཡོད་པ་བཅས། །