༄༅། །ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཉི་ཧོང་གི་རྒྱལ་ས་ཊོག་ཡོར་ (Tokyo) ཚོགས་པའི་རྒྱལ་སྤྱིའི་ལྷོ་སོག་པོའི་ཀུ་རུལ་ཏའི་ལྷན་ཚོགས་ཐེངས་གཉིས་པར་ (2nd International South Mongolian Kurultai Congress) མཉམ་ཞུགས་གནང་ཡོད།
དེ་ཡང་ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་རྒྱལ་སྤྱིའི་ལྷོ་སོག་པོའི་ཀུ་རུལ་ཏའི་ལྷན་ཚོགས་ཐེངས་གཉིས་པར་མཉམ་ཞུགས་ཀྱིས་གོ་སྒྲིག་པ་རྣམ་པར་འཚམས་འདྲི་ཞུས་པ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨིན་ཡིག་ཐོག་རྒྱལ་སྤྱིའི་ལྷོ་སོག་པོའི་ཀུ་རུལ་ཏའི་ལྷན་ཚོགས་ཐེངས་གཉིས་པར་གནང་བའི་གསུང་འཕྲིན་དང་ཉི་ཧོང་སྐད་དུ་ཕབ་བསྒྱུར་ཞུས་པའི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གནང་བའི་གསུང་འཕྲིན་ནང་ཚོགས་ཆེན་དེ་ནི། ལོ་ངོ་བཅུ་ཕྲག་མང་པོའི་རིང་གདུག་རྩུབ་ཆེ་ཞིང་གཞི་རྒྱ་ཆེ་བའི་གཉའ་གནོན་སྡུག་སྦྱོང་འོག་ལྷོ་སོག་ས་གནས་སུ་ཆོས་དད་དང་། རིག་གཞུང་། སྐད་ཡིག་བཅས་ཀྱི་རང་དབང་ཉམས་ཆགས་སུ་ཕྱིན་པའི་རྒྱབ་ལྗོངས་ལས་གྲུབ་པ་ཞིག་རེད། ཅེས་དང་།
རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་འཛམ་གླིང་མི་མང་གིས་དོ་སྣང་ཆེན་པོའི་སྒོ་ནས་ལྟ་བཞིན་པའི་སྐབས་འདིར་རྒྱལ་སྤྱིའི་ལྷོ་སོག་པོའི་ཚོགས་ཆེན་ཐེངས་གཉིས་པ་ལྟ་བུ་ནི་སྔར་ལས་ལྷག་དགོས་མཁོ་ཆེ་བའི་ཛ་དྲག་ཅན་དུ་གྱུར་ཡོད། ཅེས་གསུངས། གཞན་ཡང་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྷོ་སོག་གི་མཆེད་གྲོགས་ཕོ་མོ་རྣམས་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་གདུང་སེམས་མཉམ་སྐྱེ་གནང་བ་དང་སྦྲགས། མ་འོངས་པར་མཉམ་ལས་ཀྱི་ནུས་ཤུགས་ཆེ་རུ་བཏང་བའི་ཐོག་ཚང་མར་རང་གི་མ་འོངས་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་རང་དབང་ཡོད་པ་བཟོ་རྒྱུའི་ཐད་འབད་བརྩོན་གནང་རྒྱུ་ཡིན་པ་གསུངས་འདུག ཚོགས་ཆེན་ཐོག་ཉི་ཧོང་གི་དབུས་གཞུང་དང་མངའ་སྡེ་གཞུང་གི་གྲོས་ཚོགས་འཐུས་མི་རྣམ་པ་དང་རྒྱབ་སྐྱོར་བ་རྣམ་པ་བཅས་མཉམ་ཞུགས་ཀྱིས་འཚམས་འདྲི་དང་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་པ་མ་ཟད། ཚོགས་ཆེན་ཐོག་མཉམ་ཞུགས་གནང་མ་ཐུབ་མཁན་རྣམ་པ་ཚོས་ཀྱང་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་ཡོད་པ་རེད། ཚོགས་ཆེན་ཐོག་ཕེབས་མ་ཐུབ་པའི་ཁོངས་ཉི་ཧོང་ལྷོ་སོག་གྲོས་ཚོགས་འཐུས་མི་རྒྱབ་སྐྱོར་ཚོགས་པའི་ (Japanese Parliamentary Group for South Mongolia ) ཚོགས་གཙོ་དང་ཕྱི་ལོ་༢༠༢༡ལོའི་སྲིད་བློན་འོས་མི་ལྕམ་ཊ་ཀེ་ཡི་ཆི་སཱ་ནེ་ (Takaichi Sanae) ལགས་ཀྱིས་གསུང་འཕྲིན་གནང་བ་དེ་ཉིད་གུ་ཡངས་མང་གཙོ་ཆབ་སྲིད་ཚོགས་པའི་ (Liberal Democratic Party) གྲོས་ཚོགས་འཐུས་མི་ལྕམ་སུ་གྷི་ཊ་མེའོ་(Sugita Mio ) ལགས་ཀྱིས་སྒྲོགས་སྦྱང་གནང་ཡོད། སོག་པོའི་ཀུ་རུལ་ཏའི་ལྷན་ཚོགས་ (Mongol Kurultai conference) ཀྱི་ཚོགས་གཙོ་སྐུ་ཞབས་ཤཱུབ་ཆུཊ་ཏེམ་ཚལ་(Shobchuud Temtselt) ལགས་དང་། དེ་བཞིན་ཚོགས་བཅར་བ་མང་པོ་ཞིག་དྲ་ཐོག་ནས་མཉམ་ཞུགས་གནང་ཡོད།མཐར་ཚོགས་བཅར་བ་ཡོངས་ནས་སྤྱི་མོས་ཐོག་ལྷོ་སོག་པོའི་མངོན་འདོད་དེ་རང་དབང་དང་དྲན་བདེན་ལ་རྒྱབ་སྐྱོར་གནང་རྒྱུའི་བསྒྲགས་གཏམ་སྤེལ་ཡོད། ཚོགས་ཆེན་ཐོག་གསར་འགོད་པ་ཁག་གཅིག་ཕེབས་ཡོད་པ་དང་། ཚོགས་ཆེན་གྱི་ལས་རིམ་ཡོངས་རྫོགས་ངོ་དེབ་བརྒྱུད་ཐང་གཏོང་གནང་ཡོད། ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ལྷན་དུ་ཉི་ཧོང་བོད་རིགས་ཚོགས་པའི་སྐུ་ཚབ་ཀུན་དགའ་ལགས་ལྷན་བཅར་གནང་ཡོད་པ་བཅས།།