༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡ ནས་ ༢ བར་ཉིན་གྲངས་གཉིས་རིང་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་ཁང་གཉིས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༡ ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་བཞི་པ་སྟེ། རྒྱ་ནག་གིས་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་ཞེས་པའི་ཚོགས་འདུ་ཚོགས་ཡོད།
དེ་ཡང་ཕྱི་ཚེས་ ༢ ཉིན་ཕྱི་ལོ་ ༢༠༢༡ ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་བཞི་པའི་མཇུག་སྡོམ་ཚོགས་འདུའི་སྐབས་གཏམ་བཤད་གནང་མཁན་དང་ཚོགས་བཅར་བ་ཡོངས་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས་ཐེངས་བཞི་པའི་ཐོག་གཏམ་བཤད་གནང་མཁན་དང་ཚོགས་བཅར་བ་ཡོངས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་འབོད་སྐུལ་ཞུ་རྒྱུར།
རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་ཐོག་བཞག་པའི་གྲོས་མཐུན་ཡིག་ཆར་བརྩི་བཀུར་ཞུས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་ཁག་ཐེག་དང་བརྩི་སྲུང་ཞུ་དགོས་པ་དང་།
རྒྱ་ནག་གཞུང་གིས་བོད་མི་དང་། ཡུ་གུར། སོག་རིགས་བཅས་ཀྱི་ཐོག་དྲག་གནོན་དང་། བཙན་དབང་གིས་ངལ་རྩོལ་བྱེད་དུ་བཅུག་པ། བོད་མི་དང་། ཡུ་གུར། སོག་རིགས་བཅས་རྒྱ་ནག་ཅན་དུ་སྒྱུར་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ།
གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མགྱོགས་མྱུར་གློད་བཀྲོལ་དང་། ཁོང་གི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་འདུག་གི་རང་དབང་ལ་བརྩི་སྲུང་། རིན་པོ་ཆེ་མཆོག་ལ་རང་དབང་གི་སྒོ་ནས་ཆོས་ཕྱོགས་ཀྱི་ཐུགས་འགན་ཁག་སྤེལ་དུ་འཇུག་དགོས་པ།
འགོར་འགྱངས་མེད་པར་བོད་མི་དང་ཤར་ཏུར་ཀི་སི་ཐན་མི་མང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོངས་སུ་རྫོགས་པ་སྤྲོད་དགོས་པ།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བ་ལྟར་ཧོང་ཀོང་གི་རང་དབང་སླར་གསོ་དང་། དེར་བརྩི་བཀུར་ཞུ་དགོས་པ།
ཕྱི་ལོ་ ༢༠༢༠ ཟླ་ ༦ ནང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་གྲངས་ ༥༠ ཙམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་བོད་མི་དང་། ཡུ་གུར། རྒྱ་རིགས། མི་རིགས་གཞན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཛ་དྲག་གི་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་གནང་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ངོས་ནས་མཇུག་སྐྱོང་གནང་དགོས་པ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་བཅས་ཀྱི་ཤེས་ཡོན་ལྷན་ཁང་གི་ངོས་ནས་བོད་ནང་གི་བོད་མིར་རང་གི་ཕ་སྐད་སྦྱོང་རྒྱུའི་ཐོབ་ཐང་མེད་པའི་དཀའ་ངལ་འཕྲད་བཞིན་པ་དེ་སེལ་ཐབས་གནང་དགོས་པ་མ་ཟད། བོད་ཀྱི་རིག་གཞུང་སྲུང་སྐྱོབ་གནང་དགོས་པ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་འབྲེལ་བའི་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་རིགས་ཀྱི་སྐོར་སྲིད་བྱུས་ལག་བསྟར་གནང་སྐབས་འགན་འཁུར་ཡོད་པའི་ཐོག་ཕྱི་གསལ་ནང་གསལ་གནང་དགོས་པ།
རྒྱ་ནག་གཞུང་གིས་བཙན་བྱོལ་དུ་ཡོད་པའི་བོད་མི་དང་། ཡུ་གུར། ལྷོ་སོག་བཅས་ཀྱི་མི་རིགས་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་ཁ་གཏད་ཆབ་སྲིད་མི་སྣ་རྣམས་ཀྱི་ཐོག་བཀོད་བྱུས་དབང་ཚད་བེད་སྤྱོད་དང་འཇིགས་སྐུལ་བྱེད་བཞིན་པ་དེར་འཛམ་གླིང་གི་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་ཁ་གཏད་གཅོག་དགོས་པ་མ་ཟད། སྙན་ཐོ་འགོད་དགོས་པ།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་རྩིས་མེད་རྡོག་རོལ་བཏང་ཡོད་སྟབས་འཛམ་གླིང་གི་རྒྱལ་ཁབ་རྣམས་ཀྱི་གཞུང་གིས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་དགུན་དུས་ཨོ་རྩེད་འགྲན་ཚོགས་སུ་སོ་སོའི་རྒྱལ་ཁབ་ཀྱི་སྐུ་ཚབ་གཏོང་རྒྱུ་མཚམས་འཇོག་དགོས་པ།
འཛམ་གླིང་གི་རྒྱལ་ཁབ་རྣམས་ཀྱི་གཞུང་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག ཁེ་ལས་བཟོ་ཚོང་ཁང་སོགས་ནས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་ནང་མི་མང་རྣམས་ལ་བཙན་དབང་གིས་ངལ་རྩོལ་བྱེད་དུ་འཇུག་གི་ཡོད་པ་དེར་ངོ་རྒོལ་གནང་དགོས་པ་མ་ཟད། ཁོང་ཚོའི་སྐོར་སྙན་ཐོ་ཞིབ་ཕྲ་འགོད་དགོས་པ་སོགས་ཀྱི་འབོད་སྐུལ་གནང་ཡོད་པ་བཅས།།