༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་གསར་འགྱུར་ལས་ཁང་གི་གསར་འགོད་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་ཕྱི་ལོ་ ༢༠༢༡ ལོའི་ཇི་ནི་ཝ་བོད་དོན་གླེང་སྟེགས་འགོ་འཛུགས་གནང་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གླེང་སྟེགས་དབུ་འབྱེད་ཀྱི་གསུང་བཤད་ནང་རྒྱ་ནག་གཞུང་གི་མངའ་འོག་ཏུ་ཡོད་པའི་ས་ཁུལ་ཁག་གི་མི་མང་ཚོའི་མངོན་འདོད་དེ་དག་ཚོགས་ལ་ཉེ་བའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་རང་དབང་གི་གནས་སྟངས་བསྐྱར་ཞིབ་སྐབས་གླེང་སློང་བྱེད་རྒྱུའི་གནད་དོན་གཙོ་བོ་ཞིག་ཆགས་ཐུབ་པའི་རེ་བ་ཡོད་ཅེས་དང་། རྒྱ་ནག་ནི་དམག་དཔུང་དང་། ཆབ་སྲིད། དཔལ་འབྱོར་བཅས་ཀྱི་སྟོབས་ཤུགས་ཡོད་ནའང་། བཟང་སྤྱོད་ཀྱི་སྟོབས་ཤུགས་མེད་ཅེས་གསུང་ཡོད། ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཡོ་རོབ་རྒྱལ་ཁབ་ཚང་མས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་རྩ་ཆེའི་རིན་ཐང་དེ་དག་སྲུང་སྐྱོབ་ཆེད་རྡོག་རྩ་གཅིག་ཏུ་སྒྲིལ་བའི་ཐོག་ནས་གཅིག་གྱུར་གྱི་ཕྱི་འབྲེལ་དང་། ཚོང་འབྲེལ་སྲིད་བྱུས་འཛིན་རྒྱུར་འབད་བརྩོན་གནང་དགོས་པའི་རེ་བསྐུལ་ཡང་ཞུས་གནང་ཡོད།སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་སྐབས། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་དང་སྲིད་བྱུས་གཅིག་ཟེར་བར་ཁ་གཡར་ཏེ་བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་ལུགས་ཀྱིས་བོད་ཀྱི་བདག་དབང་འཕྲོག་པ་མ་ཟད། འདས་པའི་ལོ་ངོ་ ༧༢ ལྷག་གི་ནང་རྒྱ་ནག་གཞུང་ནས་མང་ཚོགས་ཀྱི་འགྲོ་བ་མིིའི་ཐོབ་ཐང་ལ་རྩིས་འཇོག་གང་ཡང་བྱེད་ཀྱི་མེད་པ་ནི་གསལ་པོ་ཡིན་སྐོར་གསུངས་ཡོད།
དམིགས་བསལ་སྐུ་མགྲོན་སུད་སི་གྲོས་ཚོགས་འཐུས་མི་སྐུ་ཞབས་ནི་ཀོ་ལ་སི་ (Nicholas Walder) མཆོག་གིས་དེང་སྐབས་ནུབ་ཕྱོགས་ཁུལ་གྱི་མང་གཙོ་ཅན་གྱི་རྒྱལ་ཁབ་ཁག་ནས་རྒྱ་ནག་གཞུང་གི་སྲིད་བྱུས་ཁག་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། ཉེ་ལམ་སུད་སི་ཕྱི་སྲིད་ལས་ཁུངས་ནས་ཀྱང་རྒྱ་ནག་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ལ་སྐྱོན་བརྗོད་གནང་ཡོད་པ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་སྐོར་གསུངས་ཡོད།
སྐུ་མགྲོན་གཙོ་བོ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ཇི་རི་ (Jiri Oberfalzer) ལགས་ཀྱིས་མང་གཙོའི་རྒྱལ་ཁབ་ཁག་གིས་སོ་སོའི་ཚོང་གི་ཁེ་ཕན་ཆེད་དུ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་དག་སྣང་མེད་དུ་བཏང་བ་ཡིན་ན། དེ་ནི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་གསུངས་ཤིང་། གལ་ཏེ་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་ཁག་ལ་ང་ཚོས་དགག་ལན་མ་བྱེད་པ་དེ་དྲག་པོའི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་པ་གཅིག་མཚུངས་ཡིན་ཞེས་གསུངས། བོད་ཀྱི་བདེན་པའི་འཐབ་རྩོད་དང་བོད་མིའི་རང་དབང་སྲུང་སྐྱོབ་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་ཞེས་གསུངས། དམིགས་བསལ་སྐུ་མགྲོན་ཧངྒ་རཱི་ (Hungary) རྒྱལ་ཁབ་ཀྱི་བྷུ་ཌ་པེ་སི་ (Budapest) རྫོང་དང་པོའི་གྲོང་སྡེ་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ (Gelencsér Ferenc) ལགས་ཀྱིས་ཐེ་ཝན་དང་བོད་རིགས་ཡིན་པ་ཁོང་གི་ངོ་ཤེས་གྲོགས་པོ་ཁག་གཅིག་བརྒྱུད་ནས་རྒྱ་ནག་དམར་པོའི་གཞུང་གིས་བོད་མི་དང་ཐའེ་ཝན་མི་མང་ལ་གཉའ་གནོན་བཤུ་གཞོག་བྱས་པའི་གནད་དོན་མང་དག་ཅིག་ཤེས་རྟོགས་བྱུང་གསུངས་པ་དང་། ཧངྒ་རཱི་གཞུང་གིས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་ལ་སྐྱོན་བརྗོད་གནང་ཡོད།གླེང་སྟེགས་ཉིན་དང་པོའི་ཐོག་རྒྱ་ནག་གཞུང་གིས་སྤྱི་ཚོགས་དང་རིག་གཞུང་གི་རང་དབང་ཁག་རྡོག་རོལ་བཏང་བའི་སྐོར་དང་། བོད་ནང་རིག་གཞུང་གཙང་སེལ་བཏང་བའི་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་གར་སོང་ཆ་མེད་དུ་བཏང་བའི་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་སྐོར་བཅས་ཁྱོན་ཚོགས་མཐུན་གསུམ་ཚོགས་ཡོད་པ་དང་། བརྗོད་གཞི་དེ་དག་ཐོག་གསུང་བཤད་གནང་མཁན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཙོས་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས། རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་ཚོགས་པ་ཀིརི་དཱ་ (Kreddha) ཞེས་པའི་འཛིན་སྐྱོང་ཚོགས་གཙོ་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Dr. Michael van Walt van Praag) ལགས། འཛམ་གླིང་ཨུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་སྒྲོལ་ཀུན་ཨི་སཱ་ (Dolkun Isa) ལགས། རྒྱལ་སྤྱི་བོད་དོན་ལས་འགུལ་ཁང་གི་ཇར་མ་ནི་ཁུལ་གྱི་འཛིན་སྐྱོང་འགན་འཛིན་སྐུ་ཞབས་ཀ་ཡི་མུ་ལར་ (Kai Mueller) ལགས། སོག་པོའི་འགྲོ་བ་མིའི་ཐོབ་ཐང་བསྟི་གནས་ཁང་གི་དྲུང་ཆེ་ལྕམ་སྐུ་ Tsolongeral Khatgin ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་ལགས། ཨ་བྷར་ཌིན་(Aberdeen) གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ (Dr. Martin A. Mills) ལགས། ཕ་རན་སི་གསར་འགོད་པ་སྐུ་ཞབས་ (Pierre-Antoine Donnet) ལགས། དེ་བཞིན་རྒྱ་གར་གྱི་གསར་འགོད་པ་སྐུ་ཞབས་ཝི་ཇེ་ཀརནྟི་ (Vijay Kranti) ལགས། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་བཅས་རེད་འདུག ཕྱི་ལོ་ ༢༠༢༡ ལོའི་ཇི་ནི་ཝ་གླེང་སྟེགས་འདི་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་ཚོགས་ཀྱི་ཡོད་པ་དང་། འདི་ལོའི་བརྗོད་གཞི་ནི་རྒྱ་ནག་གཞུང་གིས་མང་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་བཅས་ཀྱི་རང་དབང་ཁག་རྡོག་རོལ་ཤུགས་ཆེ་བཏང་དང་གཏོང་མུས་ཀྱི་གནད་དོན་ཁག་གླེང་སློང་གནང་གི་ཡོད་པ་བཅས། །