༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༨ ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ཁང་ནས་ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་སླེབས་སྐབས་གཞུང་གིས་མི་སེར་ཐོབ་ཐང་རྡོག་རོལ་བཏང་ཡོད་པའི་མཐའ་མའི་བཅད་ཁྲ་བཏང་ཡོད། དེ་ཡང་ཕྱི་ལོ་༢༠༡༦ ཟླ་ ༣ ཚེས་༢༨ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པི་རག་(Prague) ནང་སླེབས་སྐབས་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཕྲག་ཁ་ཤས་ཀྱིས་ཕྱག་ཏུ་བོད་ཀྱི་རྒྱལ་དར་བཟུང་ནས་བོད་ལ་རང་དབང་དགོས་ཞེས་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། སྐབས་དེར་ཉེན་རྟོག་པས་འགྲིམ་འགྲུལ་གྱི་སྒྲིག་གཞི་ལ་སྙད་བཏགས་ནས་བཞི་མདོ་ཐང་ཆེན་(Hradčany Square) ཞེས་པ་དེ་བཀག་སྡོམ་བྱས་པ་དང་། དེ་བཞིན་རྒྱ་རིགས་ཁྱོ་ཤུག་གཉིས་ཀྱིས་བོད་དོན་རྒྱབ་སྐྱོར་བ་ཚོའི་ཕྱག་ནས་བོད་ཀྱི་རྒྱལ་དར་ཕྲོགས་ནས་ཉེ་འགྲམ་གྱི་ཝེལ་ཊ་ཝ་(Vltava river)གཙང་པོའི་ནང་གཡུགས་པ་སོགས་བྱས་ཡོད།
ཞི་བའི་ངོ་རྒོལ་གོ་སྒྲིག་པ་མར་ཊིན་བྷུར་སིག་(Martin Bursik) ལགས་དང། ཀེ་ཊི་རི་ན་བྷུར་སིག་ཇེག་(Katerina Bursik Jacques) ལགས། ཐོ་མ་སི་པི་ཀོ་ལ།(Tomas Pikola) ལགས། ཀེ་ཊི་རི་ན་ཀུཊ་ལེག་ཀོ་ཝ་(Katerina Kudlackova) ལགས་བཅས་ཀྱིས་ཕྱི་ལོ་༢༠༡༦ ཟླ་༣ ཚེས་༢༩ ཉིན་གནད་དོན་དེའི་སྐོར་ཁྲིམས་ཁང་ལ་གཏུག་བཤེར་གནང་ཡོད། གྱོད་གཞི་དེ་ཁྲིམས་ཁང་འོག་མས་དང་ཐོག་ངོས་ལེན་མ་བྱས་སྟབས། གྲོང་སྡེའི་ཁྲིམས་ཁང་དུ་ཁྱེར་ཡོད་པ་རེད། སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཁྲིམས་ཁང་གི་བཅད་ཁྲར་དགའ་བསུ་གནང་བ་དང་འབྲེལ་མང་གཙོའི་རིན་ཐང་སྲུང་སྐྱོབ་བྱེད་པའི་འགྲུལ་བཞུད་ནི་ལས་སླ་པོ་ཞིག་གཏན་ནས་མིན། འོན་ཀྱང་ལོ་རྒྱུས་ནང་མཐའ་མའི་རྒྱལ་ཁ་དྲང་བདེན་ལ་ཐོབ་ཡོད་པར་བསྒྲུབས་ཡོད། ཅེས་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་གི་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་དང་། བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ནས་ཁྲིམས་ཁང་དུ་གཏུག་བཤེར་གྱི་བརྒྱུད་རིམ་ནང་སེམས་ཞུམ་པ་མེད་པར་འཐབ་རྩོད་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ཞུ་སྦྱོར་བ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མར་ཊིན་བྷུར་སིག་ལགས་ཀྱིས། གལ་ཏེ་ང་ཚོས་སྐད་འབོད་བརྒྱབ་མེད་ན། ང་ཚོའི་མང་གཙོའི་གནས་བབ་གང་ལ་གང་འཚམ་ཉམ་དམས་སུ་བཏང་ཡོད་ཅེས་གསུངས། དེ་བཞིན་ཞུ་སྦྱོར་བ་གཞན་ཀེ་ཊི་རི་ན་བྷུར་སིག་ཇེག་ལགས་ནས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་ནག་བཙན་ཤེད་རིང་ལུགས་ལྟ་བུ་མ་ཡིན་པར་ཡར་ཐོན་ཅན་དང་། ནུབ་ཕྱོགས་ཀྱི་ལམ་སྲོལ་ལྡན་པའི་མང་གཙོ་བཞིན་ཕྱག་ལས་གནང་བར་ང་རང་དགའ་པོ་བྱུང་། ཕྱི་ལོ་༢༠༡༦ ལོར་རྒྱ་ནག་གི་སྲིད་འཛིན་སླེབས་སྐབས་པི་རག་ཏུ་བྱུང་བའི་དོན་རྐྱེན་དེ་ནི་ཞབས་འདྲེན་དང་ཁྲིམས་ཁང་གིས་གསལ་བསྒྲགས་གནང་བ་ལྟར་ཁྲིམས་འགལ་རེད། ཁྲིམས་ཁང་གི་ཐག་གཅོད་འདི་སྐབས་དེར་ཐུགས་ཕམ་བྱུང་མཁན་རྣམས་ལ་བརྡ་ལན་གལ་ཆེ་ཞིག་ཆགས་ཡོད་པ་མ་ཟད། མ་འོངས་པའི་ཆེད་མིག་དཔེ་བཟང་པོ་ཞིག་ཏུའང་གྱུར་ཡོད་པ་རེད་ཅེས་གསུངས། ཁྲིམས་ཁང་ནས་གཏུག་བཤེར་གྱི་བརྒྱུད་རིམ་ཁྲོད་འགྲོ་གྲོན་ཡོངས་རྫོགས་རྩོད་ལན་པས་ཞུ་སྦྱོར་བ་རྣམས་ལ་གུན་གསབ་སྤྲོད་དགོས་པའི་བཅད་ཁྲ་བཏང་ཡོད་པ་བཅས།།