༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༥ ནས་ཁྲིམས་མཐུན་རྒས་ཡོལ་དུ་ཕེབས་ཡོད། ཁོང་ཕྱི་ལོ་ ༢༠༡༩ ཟླ་ ༩ ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་ཐེངས་བརྒྱད་པའི་ཐོག་ཁྲིམས་ཞིབ་པ་ཆེ་བར་འོས་ཐོན་བྱུང་བ་བཞིན་ཕྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༥ ཉིན་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དུ་ཁྲིམས་ཞིབ་པ་ཆེ་བའི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱིས་མཛད་འགན་ལོ་གཉིས་དང་ཟླ་གཅིག་རིང་བཞེས་གནང་ཡོད།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་རེ་བདུན་ ༼ ༦༧ ༽ པའི་འོག་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་ཁྲིམས་ལུགས་དབང་འཛིན་གྱི་རྩ་འཛིན་ཁྲིམས་ཡིག་དོན་ཚན་བཅོ་ལྔ་ ༼ ༡༥ ༽ པ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་གསར་པ་ཁྲིམས་ལུགས་ལྟར་འོས་ཐོན་དམ་འབུལ་མ་བྱུང་བར་དེའི་འགན་དབང་རྣམས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་ནས་ཞབས་ལོ་རྒན་རིམ་དེས་ལེན་རྒྱུ་ཞེས་གསལ་བ་དགོངས་དོན་ལྟར། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༥ ནས་ཁྲིམས་ཞིབ་པ་ཆེ་བ་གསར་པ་ཁྲིམས་མཐུན་དམ་འབུལ་མ་ཟིན་བར་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཏུ་བསྐོ་གཞག་གནང་ཡོད།
ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་མཆོག་ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་ཐེངས་དྲུག་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་དུ་འོས་ཐོན་བྱུང་བ་བཞིན་ཕྱི་ ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡ ཉིན་ཁྲིམས་ཞིབ་པ་གཞན་གྱི་ལས་འཁུར་དམ་བཅའ་འབུལ་བཞེས་ཀྱིས་ཁྲིམས་ཞིབ་པའི་མཛད་འགན་བཞེས་མུས་ཡིན་པ་བཅས། །