༄༅། །ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཉི་ཧོང་གི་རྒྱལ་ས་ཊོག་ཡོ་(Tokyo) ནང་བཀྲ་ཤིས་བདེ་ལེགས་ཟ་ཁང་གི་དྲ་ཚིགས་གསར་པ་དབུ་འབྱེད་གནང་ཡོད། དྲ་རྒྱ་དབུ་འབྱེད་ཀྱི་མཛད་སྒོ་དེ་ཉིད་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་གྲོང་ཁྱེར་ནང་སྒོ་རྒྱ་རྒྱུན་རིང་བསྡམས་པར་བརྟེན་ད་བར་ཚོགས་ཐུབ་མེད་པ་དང་། དབུ་འབྱེད་མཛད་སྒོར་གཏམ་བཤད་དང་། དགོང་དྲོའི་གསོལ་ཚིགས། གཞས་སྣ་སོགས་གོ་སྒྲིག་ཞུས་འདུག
དེ་ཡང་སྐུ་ཚབ་དོན་གཅོད་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་དང་། སྐུ་ཚབ་དོན་གཅོད་ཁང་གི་ལས་དོན་གནང་ཕྱོགས། བཟང་སྤྱོད་ཀྱི་གལ་གནད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ངོ་སྤྲོད་གནང་ཡོད། གཞན་ཡང་ཁོང་གིས་ཉི་ཧོང་དང་བོད་ཀྱི་སྤྱི་ཚོགས་བར་བསམ་བློ་གཏོང་ཕྱོགས་དང་། ཡ་རབས་བཟང་སྤྱོད་ཐད་མཐུན་ཆོས་ཡོད་ཚུལ་གསུངས། མཐར་ཁོང་གིས་ཉི་ཧོང་མི་མང་ནས་བོད་དོན་ཐོག་མུ་མཐུད་མཐུན་འགྱུར་རོགས་རམ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།ཕུ་ཇན་ཇི་(Fugen ji) ལྷ་ཁང་གི་དགེ་འདུན་པ་ཨོ་ནོ་ཇོ་ཀན་(Ono Jokan) ལགས་དང་། མི་དོ་རི་ཀ་ཊ་མི་ཡོ་ཤི་(Midorikawa Miyoshi) རྣམ་གཉིས་ནས་ཇི་ལྟར་ཁོང་གཉིས་བོད་མིའི་སྤྱི་ཚོགས་དང་འབྲེལ་བ་བྱུང་ཚུལ་དང་། ནང་པའི་ཆོས་ཀྱིས་སྒེར་གྱི་མི་ཚེར་ཕན་རླབས་བྱུང་ཚུལ་འགྲེལ་བརྗོད་གནང་གྲུབ་མཚམས། སྐུ་ཞབས་ཧོ་རི་ཤི་ཏ་ཏག་ཤི་(Horishita Takeshi) ལགས་ཀྱིས་རང་ཉིད་དང་བཀྲ་ཤིས་བདེ་ལེགས་ཟ་ཁང་བར་གྱི་འབྲེལ་བ་དང་། ཇི་ལྟར་ནང་པ་སངས་རྒྱས་པའི་ཆོས་ཀྱིས་སེམས་ལ་དཀའ་ངལ་ཡོད་མཁན་མང་པོར་ཕན་ཐོགས་ཚུལ་སྐོར་གསུངས་ཡོད། མཐར་ཟ་ཁང་གི་སྦྱིན་བདག་སྐུ་ཞབས་བློ་བཟང་ལགས་དང་། ཉི་ཧོང་བ་གསུམ་ནས་གཞས་སྣ་གཟིགས་འབུལ་ཞུས་ཏེ་མཛད་སྒོ་ལེགས་པར་གྲོལ་ཡོད་པ་བཅས།།