༄༅། །རྒྱ་གར་བྱང་ཕྱོགས་ཨུཏྟརཱ་ཁནྜ་མངའ་སྡེའི་ནང་ཆར་ཞོད་ཆེན་པོ་བབས་པས་རྐྱེན་གྱིས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་བའི་གནས་ཚུལ་གསན་མ་ཐག་བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༠ ཉིན་ཨུཏྟརཱ་ཁནྜ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པུཤ་ཀར་སིངྒ་དྷ་མི་ (Shri Pushkar Singh Dhami) མཆོག་ལ་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
ངོས་ཀྱིས་ཆར་ཞོད་ཆེན་པོ་བབས་པས་རྐྱེན་གྱིས་འདས་གྲོངས་སུ་གྱུར་པའི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོ་དང་ཐུགས་སྨོན་ཞུ་རྒྱུ་ཡིན། དེ་བཞིན་ཆུ་ལོག་བརྒྱུགས་ས་དང་ས་རོ་རྡོ་རོའི་འོག་ཏུ་ལྷག་ཡོད་པ་རྣམས་ཀྱི་བདེ་དོན་ཆེད་དུ་ཐུགས་སྨོན་ཞུ་རྒྱུ་ཡིན། ཨུཏྟརཱ་ཁནྜ་མངའ་སྡེ་གཞུང་གི་ངོས་ནས་གོད་ཆག་བྱུང་བའི་མི་མང་རྣམས་ལ་རོགས་རམ་གང་ཐུབ་ཅི་ཐུབ་གནང་བཞིན་པར་ངོས་ཀྱིས་རྗེས་སུ་ཡི་རང་ཞུ་ཡི་ཡོད། ངོས་ཀྱིས་ཨུཏྟརཱ་ཁནྜ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེ་དང་། རྒུད་སྐྱོབ་སླད་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པས་ཞལ་འདེབས་འབུལ་དགོས་པའི་སྐོར་བཤད་ཡོད། ཅེས་འཁོད།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།