༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༨ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་བརྙན་འཕྲིན་བརྒྱུད་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་བརྒྱད་པའི་ (the 8th Parliament of the World’s Religions) ཐོག་བཀའ་སློབ་སྩལ་བའི་ནང་འཁོད་དོན། ཐོག་མར་ངོས་ཀྱིས་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པར་འཚམས་འདྲི་ཞུ་རྒྱུ་ཡིན། དུས་རབས་ ༢༡ པའི་ནང་ཕྱིའི་དངོས་པོའི་ཆ་ནས་ཧ་ཅང་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པའི་སྐབས་འདིར་ཆོས་ལུགས་ཀྱི་ངོས་ནས་ཕན་ཐོགས་སྒྲུབ་ཀྱི་ཡོད། ང་ཚོས་རྒྱུན་དུ་སྨོན་ལམ་གཅིག་པུ་བརྒྱབ་ནས་ཆོས་ལུགས་ནི་ལུགས་སྲོལ་རྙིང་པ་ལྟ་བུ་ཞིག་ཆགས་ཡོད། འདས་པའི་དུས་སྐབས་གཅིག་པུ་མིན་པར་དུས་དེང་སང་ཡིན་ནའང་ང་ཚོར་འཚེ་བའི་དཀའ་ངལ་འཕྲད་བཞིན་ཡོད། ང་ཚོས་ཞི་བདེའི་ཆེད་དུ་ཡིན་ཞེས་གོ་མཚོན་བཟོ་སྐྲུན་བྱེད་ཀྱི་ཡོད། དོན་དངོས་སུ་ལྡོག་ཕྱོགས་རེད། གོ་མཚོན་དང་མེ་མདའ་ག་ཚོད་མང་བ་ཡོད་ན་དེ་ཚོད་ཀྱིས་འཚེ་བ་མང་བ་ཡོང་གི་ཡོད། ད་ལྟ་ང་ཚོས་རྒྱུ་མཚན་ལྡན་པའི་སྒོ་ནས་ཞི་བདེ་ལ་བསམ་བློ་གཏོང་སྐབས་དང་ཐོག་ང་ཚོའི་ནང་སེམས་ཀྱི་ཞི་བདེ་བསྐྲུན་དགོས། ང་ཚོར་ནང་སེམས་ཞི་བདེ་མེད་པ་དང་། དེ་བཞིན་ཁོང་ཁྲོ་དང་། ཆགས་སྡང་། ཕྲག་དོག་བཅས་ཡོད་ན་ཞི་བདེ་བསྐྲུན་རྒྱུ་ཧ་ཅང་ཁག་པོ་ཡོད། དེར་བརྟེན་ཆོས་ལུགས་ཚང་མར་ང་ཚོར་བསླབ་བྱ་བརྒྱག་རྒྱུ་གཅིག་མཚུངས་སུ་ཡོད།
འཇིག་རྟེན་བཀོད་པ་པོ་ཁས་ལེན་མཁན་གྱི་ཆོས་ལུགས་ཡིན་ན་ང་ཚོ་ཚང་མ་དཀོན་མཆོག་གིས་བཟོས་པ་རེད་ཅེས་རྗོད་ཀྱི་ཡོད། འཇིག་རྟེན་བཀོད་པ་པོ་ཁས་མ་ལེན་མཁན་གྱི་ཆོས་ལུགས་ལ་མཚོན་ན་ང་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད། ང་ཚོ་སྐྱེས་པའི་སྐབས་ནས་འགྲོ་བ་མིའི་རང་བཞིན་ནི་བྱམས་བརྩེའི་རང་བཞིན་རེད། ཆོས་ལུགས་ཚང་མའི་བསླབ་བྱ་སྙིང་པོ་ནི་བྱམས་བརྩེ་ཡིན། བྱམས་བརྩེ་ནི་ཞི་བདེའི་ས་བོན་ལྟ་བུ་ཡིན། ང་ཚོར་བྱམས་བརྩེ་ཡོད་པའི་སྐབས་སེམས་ལ་ཞི་བདེ་ཡོང་གི་ཡོད། དེ་ལ་བརྟེན་ནས་ལུས་ངག་གི་སྤྱོད་པ་ཚང་མ་ཞི་བདེ་ཆགས་ཀྱི་ཡོད། དེར་བརྟེན་དེང་སང་ཆོས་ལུགས་འདྲ་མིན་ཚང་མར་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་འགན་འཁུར་ཆེན་པོ་ཡོད། འོན་ཀྱང་སྔར་དང་དུས་དེང་སང་སྐབས་རེར་སྟབས་མ་ལེགས་པ་ཞིག་ལ་ཆོས་ལུགས་མ་འདྲ་བ་ལ་བརྟེན་ནས་ང་ཚོར་དཀའ་ངལ་འཕྲད་དང་འཕྲད་བཞིན་ཡོད། དེ་ནི་གཙོ་བོ་མི་ཁག་གཅིག་གིས་དབང་ཆ་དང་ཆབ་སྲིད་ཀྱི་ཆེད་དུ་ཆོས་ལུགས་བེད་སྤྱོད་བཏང་སྟབས་དཀའ་ངལ་འཕྲད་ཀྱི་ཡོད། ཆོས་ལུགས་ཀྱི་བསླབ་བྱ་ངོ་མ་དེ་བྱམས་བརྩེ་དང་བཟོད་བསྲན་རེད། དེར་བརྟེན་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་དང་འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་ལུགས་ཡིན་ནའང་རེད། ཆོས་ལུགས་ཚང་མར་དངོས་གནས་དྲང་གནས་ནང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་ནུས་པ་གཅིག་མཚུངས་སུ་ཡོད། དེ་ལ་བརྟེན་ནས་རང་བཞིན་གྱིས་ཕན་ཚུན་དབར་བརྩི་བཀུར་ཡོང་གི་ཡོད། དཔེར་ན་རྒྱ་གར་ལྟ་བུ་རེད། རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཕལ་ཆེ་བ་ཞི་བདེའི་ངང་གནས་ཀྱི་ཡོད་པ་མ་ཟད། ཕན་ཚུན་དབར་བརྩི་བཀུར་དང་བསླབ་བྱ་ལེན་རེས་གནང་གི་ཡོད། དེར་བརྟེན་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ནི་ཧ་ཅང་གལ་ཆེན་པོ་དང་བེད་སྤྱོད་ཆེན་པོ་ཡོད།
ངོས་ཀྱིས་གོང་དུ་ཞུས་པ་ལྟར་རེད། རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་ངེས་པར་བསམ་ཚུལ་ཙམ་བརྗོད་པ་མ་ཡིན་པར་ཧུར་ཐག་གིས་ཉམས་ལེན་གནང་དགོས། དཀའ་ངལ་གང་དུ་འཕྲད་ཀྱི་ཡོད་པ་དང་། ལྷག་པར་ཆོས་ལུགས་ཀྱི་མིང་ཐོག་ནས་དཀའ་ངལ་འཕྲད་ཀྱི་ཡོད་ན་ང་ཚོས་ངེས་པར་གོམ་པ་མདུན་སྤོས་ཀྱིས་ཞི་བདེ་དང་འཆམ་མཐུན་བཟོ་དགོས། ངོས་རང་འཛམ་གླིང་གི་ཆོས་ལུགས་གལ་ཆེ་མང་པོའི་གྲས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྗེས་འབྲང་པ་དང་ཉམས་ལེན་པ་ཞིག་ཡིན། ཆོས་པ་ཡིན་པའི་ཆ་ནས་ང་ཚོས་མ་གྱུར་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་གི་སྐོར་ཤོད་ཀྱི་ཡོད་ལ། ང་ཚོས་སེམས་ཅན་ཐམས་ཅད་རང་གི་མ་ལྟ་བུར་རྩི་ཡི་ཡོད། འདིས་དངོས་གནས་དྲང་གནས་སེམས་ཅན་ཐམས་ཅད་ལ་བརྩི་བཀུར་ཞུ་དགོས་པ་སྟོན་གྱི་ཡོད། ནང་པ་སངས་རྒྱས་པའི་ཆོས་ཉམས་ལེན་པ་ཞིག་ཡིན་པའི་ཆ་ནས་ངོས་ཀྱིས་མཛད་སྒོ་ཙམ་ཚོགས་ནས་མ་ཡིན་པར་སེམས་གཏིང་ནས་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་བསྐྲུན་རྒྱུའི་འབད་བརྩོན་ཞུ་བཞིན་ཡོད།
རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱིས་དངོས་གནས་དྲང་གནས་ཧ་ཅང་འགན་འཁུར་ཆེན་པོ་གནང་གི་ཡོད་པ་དང་། འགན་འཁུར་དེ་ནི་དེང་སང་གི་དངོས་ཡོད་གནས་ཚུལ་ལ་ཧ་ཅང་དགོས་མཁོ་ཆགས་ཡོད། ངོས་ཀྱིས་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱི་ཚོགས་ཆེན་ཐེངས་བརྒྱད་པའི་གོ་སྐབས་འདི་བརྒྱུད་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ཀྱི་ངོས་ནས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་ཡོང་སླད་ཧུར་ཐག་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ།།