༄༅། །ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཀེ་རལ་མངའ་སྡེའི་ས་ཁུལ་ཁག་ལ་ཆར་ཞོད་ཆེན་པོ་བབས་ཏེ་ཆུ་ལོག་བརྒྱུགས་པ་དང་ས་ཉིལ་བས་རྐྱེན་གྱིས་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བྱུང་བའི་གནས་ཚུལ་གསན་མ་ཐག་བོད་མིའི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༨ ཉིན་ཀེ་རལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པི་ནཱ་ར་ཡི་ཝི་ཇེ་ཡན་ (Shri Pinarayi Vijayan) མཆོག་ལ་གདུང་སེམས་མཉམ་སྐྱེའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན།
ངོས་ཀྱིས་སྐུ་ཉིད་ཀྱིས་གཙོས་ཆུ་ལོག་གི་གོད་ཆག་འོག་འདས་གྲོངས་སུ་གྱུར་བའི་ཤུལ་ལུས་ནང་མི་སྤུན་མཆེད་དང་། ཆུ་ལོག་གི་གོ་ཆག་ཐེབས་མཁན་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་ཡིན། མངའ་སྡེའི་གཞུང་དང་འབྲེལ་ཡོད་དཔོན་རིགས་ཁག་གིས་ཉམ་ཐག་དགོས་ངེས་ཅན་རྣམས་ལ་དུས་ཐོག་རོགས་རམ་གང་ཐུབ་ཅི་ཐུབ་གནང་བཞིན་ཡོད་པ་ངོས་ཀྱིས་ཤེས་རྟོགས་ཐུབ་ཀྱི་འདུག ངོས་ཀྱིས་གདུང་སེམས་མཉམ་སྐྱེ་དང་རྒུད་སྐྱོབ་སླད་ཏཱ་ལའི་བླ་མ་དགེ་རྩ་ཚོགས་པ་བརྒྱུད་ཞལ་འདེབས་འབུལ་རྒྱུ་ཡིན། ཐུགས་སྨོན་དང་བཅས། ཞེས་འཁོད།།