༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ཀྱིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༩ ཉིན་དྲ་ལམ་བརྒྱུད་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་དང་དྲི་བར་བཀའ་ལན་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། ཐའེ་ཝན་གྱི་ཆོས་གྲོགས་དང་ངོ་ཤེས་རྙིང་པའི་གྲས་དེ་འདྲ་ལ་དེ་རིང་དྲ་ལམ་བརྒྱུད་ནས་ཐུག་པ་ཧ་ཅང་དགའ་པོ་བྱུང་། ཆོས་ཕྱོགས་ཀྱི་ཐོག་ནས་བླ་མ་དང་སློབ་མའི་འབྲེལ་བ་བྱུང་ཡོད་པས་འབྲེལ་བ་དེ་ཚེ་རབས་དང་ཚེ་རབས་གནས་ཀྱི་རེད། དེར་བརྟེན་དེ་རིང་འདིར་བསྐྱར་དུ་ཐུག་པ་ཧ་ཅང་དགའ་བོ་བྱུང་། ཐུགས་རྗེ་ཆེ།དེ་རིང་གི་བཀའ་ཆོས་ནི་རྟེན་འབྲེལ་བསྟོད་པ་བཤད་རྒྱུ་རེད། རྟེན་འབྲེལ་བསྟོད་པའི་གཞུང་མ་བཤད་སྔོན་ལ་སྤྱི་བཤད་ཅིག་བཤད་འདོད་བྱུང་། ལོ་ཉིས་སྟོང་ལྔ་བརྒྱའི་གོང་ལ་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་དུ་ཕེབས་པ་དང་། སྐབས་དེར་བཅོམ་ལྡན་འདས་ཆོས་སྟོན་པའི་ཆེད་དུ་ཕེབས་པ་མ་གཏོགས་རྫུ་འཕྲུལ་ལྟ་བུས་འགྲོ་དོན་མཛད་པ་ཡོང་གི་ཡོད་ཀྱང་། དེ་གཙོ་བོར་མ་གནང་བར་གཙོ་བོ་བླང་དོར་གྱི་གནས་སྟོན་ཆེད་ཕེབས་པ་རེད། སངས་རྒྱས་པའི་གཞུང་གི་ནང་དུ། བདག་ཉིད་བདག་གི་མགོན་ཞེས་གསུངས་ཡོད། སོ་སོའི་མ་འོངས་པར་བདེ་བ་སྡུག་བསྔལ་གང་ཡོང་སོ་སོའི་ལག་པར་ཡོད། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་གྱུར། །ཞེས་གསུངས་པ་ནི་མ་འདྲ་བ་ཞིག་རེད། བཅོམ་ལྡན་འདས་ཀྱིས་སོ་སོས་སེམས་རྒྱུད་འདུལ་དགོས་པ་རེད་ཅེས་གསུངས་པ་རེད། མདོ་དོན་སྙིང་པོ། བཅོམ་ལྡན་འདས་ཀྱིས་བླང་དོར་གྱི་གནད་བསྟན་པ་དེ་རྗེས་འཇུག་རྣམས་ཀྱིས་ལག་ལེན་དུ་བསྐྱལ་ནས་ས་ལམ་བགྲོད་དགོས་པ་རེད་མ་གཏོགས་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་རླབས་ཀྱི་ཐོག་ནས་ས་ལམ་བགྲོད་ཐུབ་པ་ཡོད་པ་མ་རེད། བཅོམ་ལྡན་འདས་ཀྱིས་དང་པོ་བདེན་བཞིའི་ཆོས་འཁོར་གསུངས་པ་རེད། བདེན་བཞིའི་ངོ་བོ་ལ་བཟླས་པ། བྱ་བ་ལ་བཟླས་པ། བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་བདེན་བཞིའི་རྣམ་གཞག་གསུངས་ཡོད། དེ་ནི་སངས་རྒྱས་པའི་ཆོས་ཀྱི་སྒྲོམ་གཞི་རེད། རྒྱུ་མཚན་ནི་ང་རང་ཚོ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རེད།བདེ་བ་དང་སྡུག་བསྔལ་ནི་རྒྱུ་དང་རྐྱེན་ལ་རྟེན་ནས་བྱུང་གི་ཡོད་པ་མ་གཏོགས་གློ་བུར་བ་མ་རེད། དེར་བརྟེན་དང་པོ། སྡུག་བསྔལ་ཤེས་པར་བྱ། སྡུག་བསྔལ་ལ་རིམ་པ་གསུམ་དུ་ཕྱེས་ཏེ། བསྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ། ཞེས་སྡུག་བསྔལ་ཕྲ་རགས་མང་པོ་བཤད་ཡོད། གང་ལྟར་དང་པོ་སྡུག་བསྔལ་ཤེས་དགོས་པ་རེད། ང་ཚོ་མི་འདོད་པའི་སྡུག་བསྔལ་ལས་གྲོལ་བར་སྔོན་ལ་མི་འདོད་པའི་སྡུག་བསྔལ་གྱི་རིམ་པ་སོགས་ཞིབ་ཚགས་པོ་བྱས་ཏེ་ཤེས་དགོས་ཞེས་སྡུག་བསྔལ་ཤེས་པར་བྱ་གསུངས། སྡུག་བསྔལ་ནི་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་རེད། ཕྱི་ལོགས་ཀྱི་རྒྱུ་རྐྱེན་ལས་བྱུང་བ་མ་རེད། རང་གི་སེམས་མ་བཏུལ་བའི་དབང་གིས་སྡུག་བསྔལ་ཡོང་བཞིན་ཡོད། སེམས་མ་བཏུལ་བའི་དབང་གིས་ལས་ངན་པ་བསགས་པ་དང་། དེའི་དབང་གིས་སྡུག་བསྔལ་ཡོང་གི་ཡོད། དེར་བརྟེན་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གསུང་བཞིན་ཡོད།སྡུག་བསྔལ་མི་འདོད་པ་དང་དེ་ལས་ཐར་འདོད་ཀྱི་བློ་ཡོད་པས་དེ་ལས་ཐར་བའི་ཐབས་ཤེས་ནི་སྡུག་བསྔལ་གྱི་རྒྱུ་བཙལ་དགོས་ཞེས་བཀའ་གནང་ཡོད། འོ་ན་གལ་ཆེ་ཤོས་སྡུག་བསྔལ་ལས་གཏན་དུ་ཐར་བ་ཞིག་ཡོད་པ་རེད་དམ་མ་རེད་ཅེ་ན་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་པར་བྱ། འགོག་པ་མངོན་དུ་བྱ། ཞེས་འགོག་བདེན་ཐོབ་པ་ཞིག་གསུང་གི་འདུག འདི་ནི་སངས་རྒྱས་པའི་ཆོས་ཀྱི་ཁྱད་ཆོས་དང་ཟབ་གནད་རེད། འགོག་བདེན་ཟེར་བ་ཞིག་མེད་པ་ཡིན་ན་ཆོས་བྱས་ཀྱང་ཉི་མ་གང་འཁྱོལ་ལྟ་བུ་ལས་གང་ཡང་མེད། ཡང་ན་སངས་རྒྱས་ལ་སྐྱབས་སུ་མཆི་ཟེར་བ་ཙམ་ལས་མེད་པ་ལྟ་བུ་རེད། འགོག་བདེན་ཟེར་བ་ཞིག་ཡོད་པར་བརྟེན་སྡུག་བསྔལ་གྱི་རྒྱུ་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་སྤང་ཐུབ་པ་ཡོད་པ་རེད་ཅེས་གསུངས་ཡོད།
རྩ་བ་ཤེས་རབ་ཀྱི་ནང་དུ། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གསུངས་པ་ལ་ཧ་ཅང་གནད་འགག་ཆེན་པོ་འདུག སྡུག་བསྔལ་གྱི་རྒྱུ་ལས་ཉོན་གཉིས་པོ་གཉེན་པོ་སྐྱེས་པའི་ཐོག་ནས་མེད་པར་བཟོ་ཐུབ་ན་ཐར་པ་རེད། དེ་ཅི་ལྟར་ཡོང་ཞེ་ན། ལས་ཀྱི་ཀུན་འབྱུང་དེ་གཙོ་བོ་སེམས་མ་བཏུལ་བའི་ཉོན་མོངས་པའི་ཀུན་འབྱུང་དབང་གིས་ཡོང་གི་ཡོད་པ་རེད། དེ་ལྟ་བུའི་ཉོན་མོངས་པའི་ཀུན་འབྱུང་ནི་ཚུལ་མིན་ཡེ་ཤེས་ཀྱི་རྣམ་རྟོག་ལས་བྱུང་བ་རེད། རྣམ་པར་རྟོག་པ་དེ་ནི་བདེན་པར་ཞེན་པའི་བདེན་འཛིན་གྱི་སྤྲོས་པ་ལས་བྱུང་བ་རེད། དེ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གསུངས་ཡོད།ཁུ་ནུ་བླ་མ་རིན་པོ་ཆེས། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་པ་ལ་ལེགས་སྦྱར་སྐད་དུ། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་དང་། སྟོང་པ་ཉིད་དུ་འགག་པར་འགྱུར། །ཞེས་གོ་བ་གཉིས་འདུག་གསུངས། སྟོང་པ་ཉིད་དུ་འགག་པར་འགྱུར། །ཞེས་པས་འགོག་བདེན་བཤད་ཀྱི་ཡོད། དེའི་སྒྲུབ་བྱེད་ནི་སྟོང་པ་ཉིད་མཐོང་བའི་མཉམ་བཞག་ཡེ་ཤེས་དེས་གཉེན་པོ་བྱེད་ཡོང་སྐབས། སྟོང་པ་ཉིད་ཀྱིས་འགག་པར་འགྱུར།། ཞེས་ཚིག་གི་གོ་བ་དེ་ལྟར་རེད། གང་ལྟར་རྩ་བ་ཤེས་རབ་ཀྱི་ཚིག་འདི་ཧ་ཅང་ཟབ་མོ་རེད། འོ་ན་སྟོང་པ་ཉིད་ནི་གང་འདྲ་རེད་ཅེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། དེ་ནི་སྟོང་པ་ཉིད་དུ་བཤད།། དེ་ནི་བརྟེན་ནས་གདགས་པ་སྟེ།། དེ་ཉིད་དབུ་མའི་ལམ་ཡིན་ནོ།། གང་ཕྱིར་རྟེན་འབྱུང་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་པ། དེ་ཕྱིར་སྟོང་པ་མ་ཡིན་པའི།། ཆོས་འགའ་ཡོད་པ་མ་ཡིན་ནོ།། ཞེས་མགོན་པོ་ཀླུ་སྒྲུབ་ཀྱི་རྩ་བ་ཤེས་རབ་ཀྱི་ཚིག་རེད། ཧ་ཅང་སྡོམ་ཟབ་མོ་རེད།
རྩ་བ་ཤེས་རབ་ཀྱི་འགྲེལ་བ་མང་པོ་ཡོད་པའི་ནང་ནས་མཐའ་དཔྱོད་དང་གསལ་ཤོས་གཅིག་ནི་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་ཆགས་ཡོད། དབུ་མ་འཇུག་པའི་སེམས་བསྐྱེད་པ་དྲུག་པའི་མཇུག་ཏུ། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པའི།། རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ།། སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར།། རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ།། རྟག་ཏུ་འགོག་པར་གཏོགས་པའི་སེམས་ལྡན་ཡིན་མོད་ཀྱི།། འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད།། དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི།། མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན།། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ།། ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི།། བདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས།། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ།། ཅེས་གསུངས་ཡོད། ཧ་ཅང་ཟབ་མོ་དང་ང་ཚོའི་སེམས་ལ་སྤོབས་པ་སྐྱེས་པ་ཞིག་རེད།
བདེན་འཛིན་ལ་གཉེན་པོ་བསྟེན་པ་གཅིག་ནི་དབུ་མ་འཇུག་པར། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན།། དེ་ལ་སྐུར་བས་དངོས་པོ་འཇིག་པོ་འཇིག་པའི་ཕྱིར།། སྟོང་ཉིད་དངོས་པོ་འཇིག་པའི་རྒྱུ་འགྱུར་ན།། དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན།། ཞེས་གསུངས་ཡོད། སྟོང་ཉིད་རིགས་པས་སྒྲུབ་ཡོང་སྐབས་རྒྱུ་ལ་དཔྱོད་པ་རྡོ་རྗེ་ཟེགས་མའི་གཏན་ཚིགས། ངོ་བོ་ལ་དཔྱོད་པ་གཅིག་ཏུ་བྲལ་གྱི་གཏན་ཚིགས། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་བཅས་ཀྱིས་རྒྱུ་འབྲས་ངོ་བོ་གསུམ་ང་ཚོའི་བློ་ལ་སྣང་བ་ནང་བཞིན་མཛུབ་མོ་འཛུགས་ས་མེད་པ་ཐོན་ཡོང་གི་འདུག གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན།། དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་ཏུ།། གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི།། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ།། ཞེས་ཆོས་ཐམས་ཅད་མིང་ཙམ་བཏགས་ཙམ་ཡིན་པ་འདིས་བསྟན་ཡོང་གི་ཡོད། བཏགས་དོན་བཙལ་ནས་རྙེད་རྒྱུ་མེད་པར་མ་བརྟག་མ་དཔྱད་པའི་ངང་ནས་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་ཙམ་ཞིག་རེད་ཅེས་གསུངས་ཡོད།
རྟེན་འབྲེལ་བསྟོད་པའི་གཞུང་དུ། ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ།། དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས།། གསུང་རབ་མཁའ་ལ་ཐོགས་མེད་རྒྱུ།། མཐར་འཛིན་སྙིང་གི་མུན་པ་སེལ།། ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ།། དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི།། འོད་དཀར་ཕྲེང་བས་གསལ་བྱས་པ།། བླ་མའི་དྲིན་གྱིས་མཐོང་བའི་ཚེ།། བདག་གི་ཡིད་ཀྱིས་ངལ་གསོ་ཐོབ།། ཅེས་རྗེ་རིན་པོ་ཆེས་གསུངས་ཡོད། དབུ་མ་འཇུག་པ་ངོས་ཀྱིས་ཆུང་དུས་ནས་བློ་ལ་བཟུང་ཡོད། ཁོམ་སྐབས་ཡོད་ཚད་ལ་ཀློག་བཞིན་ཡོད།
སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་འགོག་བདེན་ཟེར་བ་ཞིག་ཡོད་པ་འདི་ལ་བསམ་བློ་ཡག་པོ་བཏང་ནས་ངོས་རང་ལ་འགོག་བདེན་རྗེས་མཐུན་པ་ཞིག་ཐོབ་མི་ཡོང་ངམ་བསམ་ནས་རེ་བ་རྒྱག་བཞིན་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ་གསུངས་པ་ནི་དངོས་ཡོད་གནས་ཚུལ་ལ་ཡོད་པ་གསལ་བོ་ཆགས་ཡོང་གི་འདུག འགོག་བདེན་ཐོབ་པའི་ཆེད་དུ་ལམ་གྱི་བདེན་པ་ལ་སློབ་པ་དང་། དེར་སྔོན་ལ་ཚུལ་ཁྲིམས་ཀྱི་བསླབ་པས་གཞི་བཟུང་། དེ་ནས་ཏིང་ངེ་འཛིན་གྱི་བསླབ་པ། དེ་ནས་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བསླབ་པ་སྒོམ་ནས་ལམ་བདེན་རྒྱུད་ལ་སྐྱེས་བར་བྱེད་དགོས། སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་མི་འདྲ་བ་ཞིག་ཡོད་པ་ཤེས་དགོས། དེ་ལ་སློབ་སྦྱོང་བྱེད་དགོས། དབུ་མ་བཞི་བརྒྱ་པའི་ནང་དུ། ལུས་ལ་ལུས་དབང་ཇི་བཞིན་དུ།། གཏི་མུག་ཀུན་ལ་གནས་གྱུར་ཏེ།། དེ་བཞིན་ཉོན་མོངས་ཐམས་ཅད་ཀྱང་།། གཏི་མུག་བཙོམ་པས་བཅོམ་པར་འགྱུར།། རྟེན་ཅིང་འབྲེལ་བར་འབྱུང་བ་གང་།། མཐོང་ན་གཏི་མུག་འབྱུང་མི་འགྱུར།། དེའི་ཕྱིར་འབད་པ་ཀུན་གྱིས་འདིར།། གཏམ་དེ་ཐོག་མར་བསྙད་པར་བྱ།། ཞེས་རྟེན་འབྱུང་ལ་བསམ་བློ་བཏང་ཡོང་སྐབས། རྒྱུ་འབྲས་རྟེན་འབྱུང་ཞིག་ཀྱང་ཡོད་པ་རེད། དེ་ནང་པ་མང་པོས་གསུངས་ཀྱི་ཡོད་པ་རེད། ད་ལྟའི་རྟེན་འབྱུང་འདི་དངོས་པོའི་ངོ་བོ་ལ་དཔྱད་ནས་རྙེད་རྒྱུ་མེད་པས་མིང་བརྡའི་བཞག་ཙམ་དང་། རྟེན་ནས་བཏགས་ཙམ་ཞིག་བློ་ལ་སླེབས་ཡོང་གི་ཡོད་པས་རྟེན་ནས་བཏགས་པའི་རྟེན་འབྱུང་གི་སྟེང་ལ་འབབ་པ་རེད། ཅེས་སོགས་བཀའ་སློབ་སྩལ། །