༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་རཱམ་ནཱཐ་ཀོ་ཝིནྜ་ (Shri Ram Nath Kovind) མཆོག་དགུང་གྲངས་ ༧༦ ལ་ཕེབས་པའི་འཁྲུངས་སྐར་གྱི་རྟེན་འབྲེལ་ཉིན་སྲིད་འཛིན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། སྐུ་ཉིད་ཀྱིས་བློས་བཏང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་། ལྷག་པར་མི་མང་ཉམ་ཐག་གི་སླད་ཕྱག་ལས་གནང་བཞིན་པར་ངོས་ཀྱིས་རྗེས་སུ་ཡི་རང་ཞུ་གི་ཡོད།
རྒྱ་གར་ནི་ད་བར་ཆོས་ལུགས་དང་རིག་གཞུང་སྣ་མང་ལས་གྲུབ་པའི་མི་མང་ཕན་ཚུན་བརྩི་བཀུར་དང་འཆམ་མཐུན་ངང་འཚོ་བཞིན་པའི་ཁྱིམ་གཞིས་ཆགས་ཡོད་པ་མ་ཟད། འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་དང་མི་འབོར་མང་ཤོས་གྲས་ཆགས་ཡོད། རྒྱ་གར་གྱི་མཚན་སྙན་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཁྱབ་བཞིན་ཡོད། འཛམ་གླིང་འདིའི་ནང་ང་ཚོ་ཚང་མ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་གནས་སྟངས་ཤུགས་ཆེ་ཆགས་བཞིན་པའི་སྐབས་འདིར། ངོས་ཀྱིས་རྒྱ་གར་ངོས་ནས་འགྲོ་བ་མི་ཞི་བདེའི་ཕྱོགས་སུ་འཁྲིད་རྒྱུའི་ཐུགས་འགན་གཙོ་བོ་བཞེས་པའི་རེ་ལྟོས་བྱེད་ཀྱི་ཡོད།
འདི་ལྟར་བྱེད་པར་རྒྱ་གར་གྱིས་རང་གི་གནའ་བོའི་རིན་ཐང་བྲལ་བའི་འཚེ་བ་མེད་པའི་ལྟ་གྲུབ་དང་བྱམས་བརྩེ་སྤེལ་རེས་གནང་དགོས་པ་དང་། འཚེ་བ་མེད་པའི་ལྟ་གྲུབ་དང་བྱམས་བརྩེ་ནི་དེང་སང་འགྲོ་བ་མིའི་སྤྱི་ཚོགས་ནང་དགོས་མཁོ་ཅན་ཆགས་ཡོད། ངོས་ཀྱིས་འཛམ་གླིང་ཞི་བདེ་ལྡན་པ་ཞིག་བསྐྲུན་པར་རྒྱ་གར་ནི་གནའ་དེང་ཤེས་ཡོན་ལམ་ལུགས་ཟུང་འབྲེལ་བྱེད་ཐུབ་མཁན་གྱི་ལུང་པ་གཅིག་པུ་དེ་ཡིན་པ་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
འདི་ལོར་ང་ཚོ་རྒྱ་གར་ལ་བཙན་བྱོལ་དུ་སླེབས་ནས་ལོ་ངོ་ ༦༢ འཁོར་བཞིན་ཡོད། ངོས་ཀྱིས་བོད་མི་མཆེད་གྲོགས་ཕོ་མོ་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་གར་གཞུང་མང་གཉིས་ཀྱིས་གཏོང་ཕོད་ཆེན་པོའི་སྒོ་ནས་བོད་མིར་གཟིགས་སྐྱོང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་མཛད་ཡོད་པ་བཅས།།
གསུང་འཕྲིན་ངོ་མ་ཨིན་ཡིག་ཐོག་སྩལ་ཡོད་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་ཨིན་ཡིག་ལ་རྩ་འཛིན་ཡོང་བ་ཞུ།།