༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༧ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་བརྙན་ཐུང་བརྒྱུད་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་ (Archbishop Desmond Tutu) མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་དང་། བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་གི་ལོ་འཁོར་རྒྱལ་སྤྱིའི་ཞི་བདེ་གཏམ་བཤད་ཐེངས་བཅུ་གཅིག་པའི་མཛད་སྒོར་ ( 11th Annual Desmond Tutu International Peace Lecture) བཀའ་སློབ་སྩལ་དོན། ངོས་ཀྱི་བརྩེ་བའི་བཀུར་འོས་ཆོས་གྲོགས་རྒན་པ་ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་ལགས། ངོས་ཀྱིས་སྐུ་ཉིད་ལ་ཧ་ཅང་བརྩི་བཀུར་དང་ཡིད་སྨོན་འཆོར་གྱི་ཡོད།
སྐུ་ཉིད་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་ལ་ངོས་ཀྱིས་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོ་ཆོས་ལུགས་ཀྱི་དབུ་ཁྲིད་རྣམ་པས་ངེས་པར་བྷི་ཤོབ་ཊུ་ཊུ་ལྟ་བུའི་དབུ་ཁྲིད་ཀྱི་རྗེས་སུ་འབྲང་དགོས། ཁོང་ཞི་བདེའི་ངང་སྐུ་འཚོ་བཞུགས་ཡིན། ངོས་ཀྱིས་རྩེད་མོ་དང་སྦྲགས་ངོས་ཀྱིས་སྐྱེ་བ་སྔ་ཕྱི་ཁས་ལེན་གྱི་ཡོད། འོན་ཀྱང་འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་མེད། བྷི་ཤོབ་ཊུ་ཊུ་ལགས་ཀྱིས་འཇིག་རྟེན་བཀོད་པ་པོ་ཁས་ལེན་གྱི་རེད། ཅེས་རྗོད་ཀྱི་ཡོད།
སྐབས་འགར་ཁོང་གིས་ང་ལྷ་ཡུལ་ལ་འགྲོ་ཆོག་ཆོག་ཡིན། ཁྱེད་རང་ས་ཆ་གཞན་ཞིག་ལ་འགྲོ་གི་རེད། ཅེས་ངོས་ལ་སྙད་བརྐོ་གནང་གི་རེད། གང་ལྟར་ངེད་གཉིས་ནས་ལྷག་བསམ་རྣམ་དག་དང་བློས་བཏང་གིས་སེམས་ཀྱི་ཞི་བདེ་འཚོལ་ཐབས་བྱེད་ཀྱི་ཡོད་ལ། ནང་སེམས་ཀྱི་ཞི་བདེ་བརྒྱུད་འཛམ་གླིང་ཞི་བདེ་ཡོང་བར་འབད་བརྩོན་ཞུ་གི་ཡོད། སྐུ་ཉིད་དགུང་གྲངས་ ༩༠ ལ་ཕེབས་པའི་དམིགས་བསལ་འཁྲུངས་སྐར་ཉིན་མོར་ངོས་ཀྱིས་སྐུ་ཉིད་ལ་འཚམས་འདྲི་དང་ཐུགས་སྨོན་ཞུ་རྒྱུ་ཡིན། ངོས་ཀྱི་ཆོས་གྲོགས་རྒན་པ་ལགས། སྐུ་ཚེ་ཡུན་རིང་བཞུགས་རོགས་གནང་། ང་ཚོར་སྐུ་ཉིད་འཛམ་གླིང་ལ་མིག་དཔེ་བཟང་པོ་སྟོན་རྒྱུ་དགོས།
བྱམས་བརྩེའི་ཐད་ནས་བཤད་ན། ང་ཚོ་མའི་མངལ་དུ་ཡོད་པའི་སྐབས་དང་། མའི་མངལ་ནས་སྐྱེས་རྗེས་ང་ཚོ་འཚོ་གནས་བྱེད་པར་ཨ་མའི་བྱམས་བརྩེ་དང་སྙིང་རྗེ་ནི་གནད་འགག་གཙོ་བོ་ཆགས་ཡོད། ང་ཚོའི་མི་ཚེ་ཨ་མའི་བྱམས་བརྩེ་ལ་བརྟེན་ནས་འགོ་འཛུགས་ཀྱི་ཡོད། ང་ཚོ་ལོ་ན་གཞོན་པའི་སྐབས་ནས་ཨ་མའི་བྱམས་བརྩེ་ནི་ང་ཚོའི་འཚོ་གནས་དང་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་བསྐྱལ་བར་གནད་འགག་གཙོ་བོ་དེ་ཆགས་ཀྱི་ཡོད། ང་ཚོའི་མི་ཚེ་དེ་ལྟར་འགོ་འཛུགས་ཀྱི་ཡོད་པ་དང་། ང་ཚོའི་མི་ཚེ་ལྷག་མ་དེ་ཡང་སེམས་པ་བཟང་པོ་དང་བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས། དེང་སང་ཚན་རིག་པ་ཁག་གཅིག་གིས་ཇི་ཙམ་ང་ཚོའི་ནང་སེམས་ཞི་བདེ་ཡོད་ན་དེ་ཚོད་ཀྱིས་ང་ཚོའི་གཟུགས་པོའི་འཕྲོད་བསྟེན་བདེ་ཐང་ཡོང་གི་ཡོད་པ་རྗོད་ཀྱི་འདུག
ང་ཚོ་སེམས་པ་བཟང་པོ་ཡོད་ན་རང་བཞིན་གྱིས་གདོང་ནས་འཛུམ་མདངས་མང་བ་མངོན་གྱི་ཡོད། ང་ཚོའི་སེམས་ལ་དོགས་པ་དང་ཁོང་ཁྲོ་ཡོད་ན་མི་ཞིག་གིས་ང་ཚོར་འཛུམ་བསྟན་ནའང་། ང་ཚོས་ཕར་འཛུམ་མདངས་རྫུན་མ་ཙམ་ཞིག་སྟོན་གྱི་ཡོད། བྱམས་བརྩེའི་ཁེ་ཕན་སྐོར་བཤད་ན། ང་ཚོའི་ཉིན་རེའི་འཚོ་བའི་ནང་དངོས་གནས་དྲང་གནས་བྱམས་སེམས་ཅན་གང་མང་དགོས་ཀྱི་ཡོད། ང་ཚོས་སྐྱེ་བ་ཕྱི་མ་དང་ལྷ་ཡུལ་སྐོར་ཤོད་ཀྱི་མེད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཡོད།།