༄༅།།སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་སྟེ་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༡ ནས་འགོ་འཛུགས་ཀྱིས་ཚེས་ ༡༢ བར་ཉིན་གྲངས་གཉིས་རིང་ཚོགས་པའི་ཚོགས་དུས་མཐའ་མའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན། དེ་རིང་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་དང་པོའི་ཉིན་མཐའ་མ་དེ་ཆགས་ཀྱི་ཡོད། ཁ་སྔོན་ཚོགས་གཙོས་དབུ་འབྱེད་གཏམ་བཤད་ནང་ཞུས་པ་གཞིར་བཟུང་རེད། དེ་རིང་ཉིན་གཉིས་ཀྱི་ནང་དུ་དངོས་སུ་བཀུར་འོས་སྤྱི་འཐུས་རྣམ་པས་ལས་རིམ་གྱི་ཆ་ཤས་བཞེས་སྟངས་ཀྱི་ཐོག་ནས་ལས་རིམ་གང་དང་གང་བྱུང་ཡོད་པ་ཚང་མས་ཐུགས་ལ་ངེས་ཡོད་རེད་བསམ་གྱི་འདུག དེར་བརྟེན་ང་ཚོའི་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ ༨ འཇོག་ཐུབ་པ་དང་། དེ་བཞིན་གོང་དུ་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱས་མ་ཐག་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་དེ་འཇོག་ཐུབ་ཡོད་པ་རེད། དེའི་གནད་དོན་ནང་དུ་རྒྱལ་སྤྱིའི་གནས་སྟངས་དང་རྒྱ་ནག་གི་གནས་སྟངས་རེད། ལྷག་པར་བོད་ནང་དུ་སློབ་གྲྭ་ཁག་དང་། དེ་བཞིན་དགོན་སྡེ་ཁག ། ཁོར་ཡུག ། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་ཚང་མའི་ཐོག་ལ་ང་ཚོས་གང་ལ་གང་འཚམ་ཞིག་གསལ་པོ་བཀོད་ཡོད་པའི་ཐོག་ནས་བཀུར་འོས་སྤྱི་འཐུས་རྣམ་པ་ ༢༠ ལྷག་ནས་ཆ་ཤས་བཞེས་ཏེ། གང་ལྟར་དེའི་ཐོག་ལ་བསམ་ཚུལ་སྤུངས་ནས་མ་འོངས་པའི་ལོ་ ལྔ་ཟེར་ནའང་མི་འདུག ཡོང་རྒྱུ་བསྡད་པའི་ལོའི་ནང་ང་ཚོས་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་བོད་བསྟན་སྲིད་ཀྱི་ཆེད་དུ་ཕྱག་ལས་ག་རེ་གནང་དགོས་ཡོད་མེད། ང་རང་ཚོ་གྲོས་ཚོགས་ཀྱི་འཐུས་མི་རེད། དེ་བཞིན་འཛིན་སྐྱོང་བཀའ་ཤག་རེད། དེ་བཞིན་བོད་དོན་རྒྱབ་སྐྱོར་བྱེད་མཁན་དང་བོད་པ་ཚང་མར་ང་ཚོས་གྲོས་ཆོད་བཞག་པ་གཞིར་བཟུང་ལག་ལེན་བསྟར་དགོས་རྒྱུའི་གནས་སྟངས་འདི་གལ་ཆེན་པོ་ཡིན་དུས། དེའི་ཐོག་ཚང་མས་མཁྱེན་པར་ངོས་འཛིན་ཞུ་རྒྱུ་ཞིག་དང་། དེ་བཞིན་མ་འོངས་པར་ལས་འགུལ་སྤེལ་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་མཇུག་གནོན་གྱི་ཚུལ་དུ་ཞུ་རྒྱུ་ཡིན།དེ་བཞིན་དེ་རིང་གི་ཚོགས་དུས་དང་པོའི་ཐོག་ལ་དཔལ་ལྡན་བཀའ་ཤག་གི་གསལ་བཤད་ཅིག་ཕེབས་ཡོད། དེའི་དོན་ཚན་དང་བཅས་པ་ཁ་སང་ཡིག་ཐོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྙན་སྒྲོན་གནང་བ་གཞིར་བཟུང་། དེའི་ཐོག་ལ་ང་ཚོས་བགྲོ་གླེང་བྱས་པ་དང་མཇུག་སྐྱོང་གི་གྲོས་ཆོད་བཞག་པ་དེ་འདྲ་བྱུང་ཡོད་པ་རེད། རྩ་བའི་གསལ་བཤད་ཀྱི་དོན་དག་ངོ་མ་འདྲ་པོ་འདི་མ་འོངས་པར་གྲོས་ཚོགས་དང་འཛིན་སྐྱོང་བཀའ་ཤག་རྣམ་གཉིས་ནས་ལས་དོན་གནང་ཕྱོགས་ཀྱི་ཐོག་ལ་ཁ་གསལ་པོ་ཞིག་གང་ལ་གང་འཚམ་བྱུང་སོང་བསམ་གྱི་ཡོད། དེར་བརྟེན་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་རེད། ལྷག་པར་གྲོས་ཚོགས་ཀྱི་ཚོགས་གཙོ་གཉིས་ཀྱི་ངོས་ནས་འཛིན་སྐྱོང་བཀའ་ཤག་དང་མཉམ་དུ་འགན་འཁུར་དང་། ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་གནང་ཐུབ་རྒྱུ་ལ་འབད་བརྩོན་ཆ་ཚང་ཞུ་རྒྱུ་ཡིན་ཞེས་ཞུ་རྒྱུ་ཡིན།
དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཡིག་ཆ་ཨང་ ༡༣ པ་དང་འབྲེལ་བའི་ཐོག་ནས་རེད། རྩ་བའི་འདིའི་ཐོག་གླེང་སློང་མང་པོ་བྱུང་སོང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསལ་བཤད་བྱུང་སོང་། སྐབས་དེ་དུས་ཚོགས་གཙོས་དམིགས་བསལ་གང་ཡང་ཞུས་མེད། དེ་རིང་མཉམ་དུ་ཞུས་ན་བསམས་ནས་སྒུག་པ་ཡིན། ཁྲིམས་ཞིབ་པ་བསྐོ་གཞག་བྱ་རྒྱུའི་འོས་ཆོས་སྐོར་དེ་རེད། དེ་ག་རང་འགྲོ་མ་ཐུབ་པ་དང་དཀའ་ངལ་ཞིག་འཕྲད་བཞིན་ཡོད། ཁ་སང་བྱུང་རིམ་གྱི་ཐོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་རེད། གྲོས་ཚོགས་ཀྱི་ཚོགས་གཙོ་གཉིས་ཀྱི་ལས་ཁུངས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་ཆེད་མངགས་ཕེབས་ནས། ལོ་བཅུ་གསུང་མེད་པ་གསལ་པོ་རེད། དེ་དུས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལོ་ལྔ་དང་དྲུག་འདྲ་པོ་ཞིག་གསུངས་སོང་། དེར་བརྟེན་ང་རང་ཚོས་འདིའི་ནང་དུ་ཁྲིམས་ཞིབ་ཁང་གི་འོས་མི་གཅིག་ཁུར་བ་ཡིན་ན། དེར་མི་གྲངས་ ༢ ལས་མི་ཉུང་བ་ཞིག་དགོས་ཀྱི་ཡོད་པ་རེད། ཚོགས་གཙོ་གཉིས་ཀྱི་ཐོག་ནས་ལོ་བཅུ་ཙམ་ཞིག་བཞག་ན། ལོ་བཅུའི་ནང་ལ་ད་ལྟ་ནང་བཞིན་མི་འབེལ་པོ་མེད་ནའང་གང་ལ་གང་འཚམ་འཐོན་ཐུབ་རྒྱུའི་དམིགས་ཚད་ཟིན་པ་རེད། ཡིན་ནའང་ང་ཚོའི་གནས་སྟངས་ཀྱི་ཐོག་ནས་འོས་ཆོས་ཚང་བ་ཞིག་རག་རྒྱུ་ཁག་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ཁ་སང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་གཞིར་བཟུང་རེད། ང་ཚོས་འཆར་འབུལ་ཚོགས་ཆུང་ཞིག་བཙུགས། འཆར་འབུལ་ཚོགས་ཆུང་ལ་མི་འགྲོ་རག་གི་མེད་པ་ཡིན་ན་གསལ་པོ་ཆགས་ཀྱི་རེད། བཅའ་ཁྲིམས་བསྐྱར་བཅོས་ནི་གྲོས་ཚོགས་ཀྱི་ངོས་ནས་བྱེད་དགོས་རྒྱུའི་གནས་སྟངས་ཆགས་བཞིན་ཡོད། དེ་བཞིན་ལོ་ཚད་དེ་ཕར་འགྱང་བྱེད་དགོས་ཀྱི་འདུག ཡང་ན་ཆ་རྐྱེན་དེ་རང་ལ་བསྐྱར་ཞིབ་བྱས་ནས་གང་ལྟར་ཡོངས་གྲགས་འགྲོ་ཐུབ་རྒྱུ་ལྟ་བུ་ཞིག་བཟོ་དགོས་ཀྱི་འདུག་གམ་མི་འདུག་ཟེར་བ་འདི་ང་ཚོའི་བཀུར་འོས་སྤྱི་འཐུས་རྣམ་པ་རེད། ལྷག་པར་རྒྱུན་ལས་རེད། དེ་ག་ནང་བཞིན་ཚོགས་གཙོ་གཉིས་ཀྱི་ཐོག་ནས་ཡིན་ནའང་འདིའི་ཐོག་ལ་བསམ་བློའི་ནང་དུ་བང་སྒྲིག་གི་ཡིན། དེ་བཞིན་ལས་རིམ་གཅིག་དེ་བཀའ་བློན་འོས་འདེམས་ཞུ་རྒྱུ་དེ་རེད། གྲོས་ཚོགས་ར་བའི་ནང་དུ་བཀའ་བློན་འོས་ཐོན་པ་གསུམ་བྱུང་ཡོད། འོས་ཐོན་པ་གསུམ་ལའང་འཚམས་འདྲི་ཞུ་རྒྱུ་དང་། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་ལའང་འཚམས་འདྲི་ཞུ་རྒྱུ་ཡིན། དེ་ནས་བཀའ་ཤག་གི་ལས་དོན་ཐ་དག་ལམ་ལྷོངས་ཡོང་རྒྱུའི་སྨོན་འདུན་ཞུ་རྒྱུ་དང་། དེ་བཞིན་ཡོང་གྱུ་བསྡད་པའི་བཀའ་བློན་གྱི་འོས་འདེམས་དེ་དག་ལམ་ལྷོངས་འགྲོ་བའི་སྨོན་འདུན་ཞུ་རྒྱུ་ཡིན། དེ་ནས་བཀའ་དྲིན་རྗེས་དྲན་གྱི་གྲོས་ཆོད་དེ་ཆགས་བཞིན་ཡོད། དེ་ཧ་ཅང་གལ་ཆེན་པོ་ཞིག་རྩིས་བཞིན་ཡོད། རྩ་བའི་རྣམ་པ་ཚོས་མཁྱེན་གྱི་རེད། ང་ཚོའི་ནང་མོལ་ཚོགས་འདུའི་སྐབས་སུ་རྩ་བའི་རུབ་རུབ་བཟོ་ཐུབ་པ་དེ་ཕྱི་རྒྱལ་སྤྱི་འཐུས་རྣམ་པ་ལྔས་འགན་འཁུར་བཞེས་ནས་བྱུང་བ་རེད། འོན་ཀྱང་ནང་མོལ་ཚོགས་འདུ་ཉིན་གྲངས་གསུམ་བཞི་རིང་བརྩིས་ན་འགྲིག་གི་ཡོད། རྣམ་པ་ཚོའི་ངོས་ནས་ང་དང་ཚོགས་གཙོ་གཞོན་པ་ངེད་གཉིས་ལ་འགན་འཁུར་རོགས་བྱོས་ཟེར་ནས་སྤྱི་མོས་ཐོག་ནས་འགན་བསྐུར་བ་རེད། དེའི་སྔོན་གྱི་ཁུངས་འདྲ་མ་སོང་ན་གནས་སྟངས་གཞན་པ་ཞིག་རེད། སྐབས་དེ་དུས་སྤྱི་མི་ཚད་ལྡན་ཞིག་བྱས་ནས། ནང་ལ་སླེབས་སོང་ནའང་འདི་ག་འདྲ་ཞིག་འགྲོ་དགོས་ཀྱི་འདུག་བསམ་ནས། ཉིན་མཚན་གཉིས་ཀར་བསམ་བློ་བཏང་། བང་སྒྲིག་ནས་འབད་བརྩོན་ཞུས་པ་ཡིན་ཞེས་རྣམ་པ་ཚོར་མཁྱེན་རྟོགས་སླད་གཅིག་ཞུས་ན་བསམས་སོང་།
ང་རང་ཚོ་ཚང་མ་རུབ་རུབ་བྱས་ནས་རྒྱུན་ལྡན་ལྟར་ཡོང་ཐུབ་རྒྱུ་དེ། ཁ་སང་ངས་དབུ་འབྱེད་ཀྱི་གཏམ་བཤད་ལའང་ཞུས་ཡོད། འགྲོ་བ་ལྷ་དང་བཅས་པའི་༸སྐྱབས་མགོན་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ཆགས་ཀྱི་ཡོད། དེ་བསམ་བཞིན་དུ་བཀའ་དྲིན་དྲན་པའི་ཐོག་ནས། བཀའ་དྲིན་ཚོར་བའི་ཐོག་ནས། བཀའ་དྲིན་ནམ་ཡང་བརྗེ་ཐབས་མེད་པའི་ཐོག་ནས་དེ་རིང་གི་གྲོས་ཆོད་འདི་ཡིན་ནའང་ཆེད་མངགས། ཁ་སང་དངོས་གནས་བྱས་ན་ཡིག་ཆ་བཟོ་རྒྱུ་ལ་ཉི་མ་འགའ་ཤས་མ་གཏོགས་ཡོད་མ་རེད། འོན་ཀྱང་ཚོགས་དྲུང་དང་ཚོགས་གཙོ་གཉིས་རེད། དཀའ་ལས་བརྒྱབ་ནས་དེ་འདྲ་ཞིག་ཡོང་ན་བསམས་རེད། དེ་དེ་རིང་འཁུར་ཡོང་བ་ཡིན། དེ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གི་བཀའ་སློབ་དང་འབྲེལ་བའི་ཐོག་ནས་གོ་བསྡུར་བྱེད་དགོས་རྒྱུ་ལྟ་བུ་ཞིག་གསུངས་སོང་། ཡིན་ནའང་འདི་གྲོས་ཚོགས་ནང་དུ་གནང་བ་ཞིག་མ་རེད། གྲོས་ཚོགས་ཕྱི་ལ་རེད། སྐབས་དེ་དུས་ང་ཚོ་བདམས་ཐོན་གྱི་སྤྱི་འཐུས་རྣམ་པ་འདྲ་པོ་ཞིག་རེད། ད་ལྟ་ནང་བཞིན་ཚུར་ཡོང་ཐུབ་རྒྱུ་ཞིག་གི་ཐོག་ལ་ཐབས་ཤེས་འདྲ་ཞིག་རེད། དེ་འདྲ་ཡིན་དུས་འཛིན་སྐྱོང་དང་གོ་བསྡུར་བྱེད་རྒྱུ་བྱུང་མ་སོང་ཞེས་སྙན་སེང་ཞུ་རྒྱུ་ཡིན།
དེ་བཞིན་ང་ཚོས་གྲོས་ཆོད་བཞག་པ་གཞིར་བཟུང་འབྱུང་འགྱུར་ལོ་ ༥ རིང་ལ་སོ་སོའི་ཚེའི་འཕེན་པ་མ་རྫོགས་བར། ཇི་སྲིད་འཚོ་བའི་བར་དུ་བྱུང་ན་བཀའ་དྲིན་རྗེས་དྲན་གྱི་ནང་དུ་བཞག་པ་ནང་བཞིན་ང་ཚོས་མཇུག་སྐྱོང་བྱེད་ཐུབ་དགོས་རྒྱུ་གནད་འགག་ཆགས་ཀྱི་ཡོད། ང་ཚོ་དཀྱིལ་འཁོར་འདིའི་ནང་དུ་སྡོད་མཁན་གཅིག་པུ་མ་རེད། འདི་དང་འབྲེལ་བ་ཡོད་པའི་གནད་ཡོད་མི་སྣ་རེད། རྒྱ་ཆེའི་མང་ཚོགས་རེད། ཚང་མས་འགན་འཁུར་དགོས་ཀྱི་ཡོད་པ་རེད་མ་གཏོགས་གཅིག་གཉིས་ལ་ཁག་དཀྲི་ནས་གཡུགས་པ་ཡིན་ན། གཡུག་ས་རག་ནའང་ལས་འབྲས་འགྲོ་ཡི་མ་རེད། དེ་གསལ་པོ་རེད། ཉི་མ་གཅིག་ལས་འབྲས་འཁོར་ཡོང་དུས་སོ་སོ་རང་གིས་མྱོང་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད་པ་རེད་མ་གཏོགས་གཞན་ལ་ཕར་གཡུག་ཐུབ་ས་ཞིག་ཡོད་མ་རེད། དེ་ཚོ་ཚང་མར་འགན་འཁུར་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན།
དེ་བཞིན་སྐབས་ ༡༧ པའི་གྲོས་ཚོགས་འདིར་འདས་པའི་ལོ་རྒྱུས་མང་པོ་ཞིག་ཞུ་ཡི་མིན། དངོས་གནས་ཀྱི་གནད་དོན། དཀའ་ངལ་ཆེན་པོ་ཞིག་གི་འོག་ནས་གྲོས་ཚོགས་བསྐྱར་གསོ་བྱུང་བ་ཞིག་རེད། དེ་འདྲའི་ཐོག་ནས་ཟླ་བ་ ༤ ཙམ་དེ་འདྲ་བྱུང་བ་རེད། ཁ་སང་ང་ཚོས་སྐབས་ ༡༧ པའི་གྲོས་ཚོགས་ཀྱི་དུས་ཡུན་དེ་ག་འདྲ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་མེད་ཀྱི་ཐོག་ཁྲིམས་སྒྲིག་གཞི་དེ་ཚོ་བལྟས། ཚོགས་གཙོ་བསླེབ་པ་དང་། རྒྱུན་ལས་ཕེབས་ཡོང་གི་ཡོད་པ་རེད། རྒྱུན་ལས་ཀྱི་ལོ་དུས་དེའང་གཏན་འབེབས་བྱེད་དགོས་ཀྱི་ཡོད། ལས་ཀ་ཆ་བགོས་གནང་དགོས་དུས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་སོ་དགུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཡུན་ཚད། སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་རེའི་ཡུན་ཚད་ལོ་ལྔ་རེ་ཡིན་ཟེར་བ་དེ་ཙམ་རེད། སྤྱིར་བཏང་སྦོམ་པོ་འདྲ་མ་གཏོགས་གསལ་པོ་མི་འདུག
དེ་ནས་འོས་བསྡུའི་སྒྲིག་གཞི་ནང་དུ་ཕེབས་ན། དོན་ཚན་སོ་བརྒྱད་པ། བོད་མི་མང་སྤྱི་འཐུས་སྐབས་རེའི་ཡུན་ཚད། བོད་མི་མང་སྤྱི་འཐུས་སྐབས་རེའི་ཡུན་ཚད་དམ་བཅའ་ཕུལ་ཉིན་ནས་བཟུང་ལོ་ལྔ་རེ་ཡིན། དེ་གསལ་པོ་བྱས་ནས་བཀོད་འདུག དེ་ཡིན་དུས་སྐབས་ ༡༧ པའི་དུས་ཡུན་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༨ ནས་ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༧ བར་ཆགས་ཀྱི་འདུག་ཅེས་རྣམ་པ་ཚོ་ལ་སྙན་སེང་ཞུ་རྒྱུ་ཡིན། ང་ཚོའི་གྲོས་ཚོགས་ཚོགས་དུས་དང་པོ་དེ་རིང་ནས་ཚར་བ་རེད། དངོས་གནས་བྱས་ན་གྲོས་ཚོགས་ཚོགས་དུས་གཅིག་སྐྱོང་ཐུབ་དགོས་ཀྱི་ཡོད། ལས་བསྡོམས་གྲོས་ཚོགས་དེ་འགྲོ་ཐུབ་དགོས་ཀྱི་ཡོད་ཀྱང་བྱུང་མེད། འོན་ཀྱང་འཛིན་སྐྱོང་སྔོན་མའི་ལས་དོན་ཆགས་ཀྱི་ཡོད། ལས་བསྡོམས་རྒྱས་པ་མང་བ་དེ་ཚོགས་དྲུང་ལས་ཁུངས་ལ་འབྱོར་ཚར་འདུག ཡིན་ནའང་དེར་མུ་མཐུད་ནས་ང་ཚོའི་ལས་རིམ་ཕྱིན་པ་ཡིན་ན། ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ཚོས་ཞིབ་འཇུག་དང་སྙན་ཐོ་བཟོ་དགོས་ཀྱི་ཡོད། འཛིན་སྐྱོང་ལ་གཏོང་དགོས་ཀྱི་ཡོད། གྲོས་ཚོགས་ལ་འཁུར་རྒྱུའི་གྲ་སྒྲིག་གནང་དགོས་དུས་དེ་ཡོང་གི་མི་འདུག དང་པོ་ཚོགས་གཙོ་གཉིས་ཀྱི་ཐོག་ནས་ཕྱི་ཟླ་ ༡༢ ནང་དུ་ལས་བསྡོམས་གྲོས་ཚོགས་ལྟ་བུ་ཞིག་ཚོགས་ན་བསམས་པ་རེད། རྒྱུན་ལས་ནང་དུའང་འབུད་ཙམ་ཞིག་ཞུས་པ་རེད། ཡིན་ནའང་བཀུར་འོས་སྤྱི་འཐུས་ཁག་གཅིག་གི་ཐོག་ནས་དུས་ཚོད་དང་། འགྲོ་སོང་དེ་འདྲའི་ཐོག་ནས་དཀའ་ངལ་ཡོད་པ་ཞིག་གསུང་བཞིན་འདུག དེར་བརྟེན་ཕྱི་ཟླ་ ༣ པའི་ནང་གྲོས་ཚོགས་དུས་ཚོད་རིང་ཙམ་ཞིག་ཚོགས་ཐུབ་རྒྱུ་དང་། དང་པོ་ལས་བསྡོམས་དེ་ཕྱིན། དེའི་རྗེས་ལ་སྔོན་རྩིས་འགྲོ་དགོས་པ་འདྲ་པོ་ཞིག་འདུག ཡང་ལས་བསྡོམས་རྦད་དེ་གཡུགས་བཞག་པ་ཡིན་ན་གྲོས་ཚོགས་ཀྱི་ལས་དོན་འགན་མ་ཁུར་བ་འདྲ་པོ་ཞིག་ཆགས་ཀྱི་མེད་ན་བསམ་པའི་སེམས་འཚབ་ཅིག་ཡོད། དེར་བརྟེན་དེ་ཚོ་ཚང་མ་མཉམ་དུ་འགྲོ་ཐུབ་རྒྱུ་ཞིག་ད་ལྟ་རྒྱུན་ལས་ནང་དུ་གོ་བསྡུར་བྱས་ནས་དུས་ཚོད་དེ་རྗེས་སུ་གཏན་འབེབས་ཡོང་གི་རེད་ཅེས་ཞུ་རྒྱུ་ཡིན།
དེ་ག་ནང་བཞིན་ང་ཚོས་གྲོས་ཚོགས་ཚོགས་དུས་གཉིས་པ་བསྐྱངས་ཚར་བའི་སྐབས་སུ་ནད་ཡམས་སོགས་ཀྱི་དཀའ་ངལ་གནས་སྟངས་མེད་པ་ཡིན་ན། སྤྱི་འཐུས་རྣམ་པ་འཚམས་གཟིགས་ཕེབས་རྒྱུའི་ལས་འཆར་བཟོ་རྒྱུ་ཡིན། དེ་བཞིན་ས་བགོས་ཕྱོགས་བསྐྱོད་བྱ་རྒྱུའི་ལས་འཆར་བཟོ་རྒྱུ་ཡིན། དེ་བཞིན་ཕྱི་རྒྱལ་ཁག་ལ་ཕེབས་མཁན་ཚོའི་ལས་འཆར་བཟོ་རྒྱུ་ཡིན། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་རྒྱལ་ཁག་ལ་ཕེབས་རྒྱུའི་ལས་འཆར་མང་ཙམ་བཟོ་རོགས་གནང་། སྐུ་ཚབ་དོན་གཅོད་ཁག་ལའང་མངག་གི་ཡིན་ཞེས་གསུང་གི་འདུག དེ་ཡིན་དུས་ལས་འཆར་བཟོ་རྒྱུ་དང་། སྐབས་དེ་དུས་གནད་ཡོད་མི་སྣ་ཐུག་པའི་སྐབས་སུ་འབོད་སྐུལ་ཞུ་རྒྱུ་དང་། གནད་དོན་དེ་ཚོ་གྲས་རིམ་པས་ལམ་སྟོན་གྱི་ཐོག་ནས་ཁ་གསལ་པོ་བཟོ་ཐུབ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོའི་ཁྲིམས་སྒྲིག་བསྐྱར་ཞིབ་ཚོགས་ཆུང་སྐོར་རེད། ཁ་སང་བཀའ་ཤག་གི་གསལ་བཤད་ནང་དུའང་རོབ་ཙམ་ཞིག་འཁོད་ཡོད། དེ་བཞིན་གྲོས་ཚོགས་འཐུས་མི་རྣམ་པ་ཚོ་ནས་ཡིན་ནའང་དེ་ཚོ་ཁ་གསལ་པོ་བཟོ་དགོས་འདུག་ཅེས་མང་པོ་ལ་བསམ་ཚུལ་ཡོད། ང་ཚོ་ཚོགས་གཙོ་གཉིས་ཀྱི་ཐོག་ནས་ཡིན་ནའང་འདས་པའི་དཀའ་ངལ་དང་ཉམས་མྱོང་དེ་ཚོ་ལ་བལྟས་ནས་མ་འོངས་པར་ཁྲིམས་སྒྲིག་གཞི་ཡིན་ནའང་ཕྱུག་ཏུ་གཏོང་རྒྱུ་དང་ཁ་གསལ་པོ་བཟོ་ཐུབ་རྒྱུའི་ཐོག་ནས། གྲོས་ཚོགས་ཀྱི་འཐུས་མི་ཡིན་མཁན། དེ་བཞིན་རྒྱུས་ཡོད་མཁན་གྱི་གནད་ཡོད་མི་སྣ་རེད། དེ་བཞིན་འཛིན་སྐྱོང་གི་ཐོག་ནས་གནད་ཡོད་མི་སྣ་ཕེབས་དགོས་པ་ཡིན་ནའང་དེ་འདྲའི་ཐོག་ནས་ང་ཚོས་གྲོས་ཚོགས་ཐེངས་རྗེས་མའི་སྐབས་སུ་ཡིན་ནའང་ཚོགས་ཆུང་འཛུགས་ཐུབ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་ཞུ་རྒྱུ་ཡིན།
དེ་དང་མཉམ་དུ་བཀུར་འོས་སྤྱི་འཐུས་རྣམ་པ་ལ་ཞབས་སྐུལ་ཟེར་ནའང་མི་འདུག་འབོད་སྐུལ་ཟེར་ནའང་མི་འདུག གྲོས་ཚོགས་ཚོགས་དུས་དང་པོ་ཚོགས་ཚར་ཙམ་ཆགས་ཀྱི་ཡོད། གྲོས་ཚོགས་ཚོགས་དུས་དང་པོའི་ནང་དུ་ལས་རིམ་གལ་ཆེ་བ་མང་པོ་ཞིག་བསྐྱངས་ཡོད། བཀུར་འོས་སྤྱི་འཐུས་རྣམ་པས་ཆ་ཤས་ཡག་པོ་བཞེས་གནང་སོང་། མི་ཚང་མའི་བསམ་བློ་གཅིག་མཚུངས་ཡོང་རྒྱུ་ཞིག་ཁག་པོ་རེད། མ་འདྲ་བ་ཡོང་རྒྱུ་ནི་ཆོས་ཉིད་ཆགས་ཀྱི་ཡོད། ཡིན་ནའང་གྲོས་ཚོགས་ནང་དུ་ལུས་དང་ངག་གི་ཀུན་སྤྱོད་རེད། དེ་བཞིན་ཚིག་བེད་སྤྱོད་གཏོང་སྟངས་ཡིན་ནའང་གྲོས་ཚོགས་ཀྱི་སྐད་ཡིག་དང་མཐུན་པ། གྲོས་ཚོགས་ཀྱི་ཆེ་མཐོང་དང་ལྡན་པ་ཡོང་ཐུབ་དགོས་རྒྱུ་དེ་ང་ཚོས་གལ་ཆེན་པོ་ཧ་ཅང་རྩིས་དགོས་ཀྱི་འདུག་ཅེས་ཚོགས་གཙོ་གཉིས་ཀྱིས་འབོད་སྐུལ་ཞུས་ནས་ཡོང་ཐུབ་རྒྱུ་ཞིག་རེད་མི་འདུག རྣམ་པ་ཚོ་མི་རེ་ངོ་རེ་ནས་དགོངས་པ་བཞེས་ཏེ་འདི་ཡག་པོ་ཞིག་འགྲོ་ཐུབ་རྒྱུའི་ཐོག་ལ་འབད་བརྩོན་ཞུ་དགོས་ཀྱི་འདུག དཔེར་ན། ལས་རིམ་རྣམ་གཞག་ལྟ་བུ་མཚོན་པ་ཡིན་ན། ག་པར་ཡིན་ནའང་སྦྱར་རྒྱུའི་གནས་སྟངས་ཤིག་ཆགས་ཡོད། དེ་རིང་གཅིག་པུ་མ་རེད། འདས་པའི་གྲོས་ཚོགས་ཚང་མའི་ནང་དུ་དེ་འདྲ་ཡོང་བཞིན་ཡོད། དེ་ཆུ་ངན་ལམ་ཤོར་ཟེར་ནའང་མི་འདུག དེ་འདྲའི་ལམ་ལུགས་ཤིག་ཆགས་ཚར་བ་རེད། ལམ་སང་འགྱུར་བ་གཏང་རྒྱུ་ཚོགས་གཙོ་ལའང་ཁག་པོ་ཆགས་ཀྱི་ཡོད། མ་འོངས་པར་འཛིན་སྐྱོང་བཀའ་ཤག་གསར་པ་ཕེབས་མཁན་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཡིན་ནའང་འདྲ། དེ་ཚོའི་ཐོག་ལ་ཐུགས་སྣང་གནང་ནས་ཆ་ཤས་བཞེས་ཐུབ་དགོས་རྒྱུ་དང་། ལྷག་པར་གྲོས་ཚོགས་ཀྱི་འཐུས་མི་རྣམ་པ་ཁྲིམས་བཟོ་ལྷན་ཚོགས་ཆགས་ཀྱི་ཡོད། ད་ལྟ་ང་ཚོས་ཁྲིམས་སྒྲིག་གཞི་གཏན་འབེབས་བྱས་ཚར་བ་དེ་ཉི་ཤུ་རྩ་གྲངས་ཤིག་ཡོད། དེ་ཚོའི་ཐོག་ལ་ཐུགས་སྣང་དང་སློབ་སྦྱོང་གནང་རྒྱུ། དེ་བཞིན་ལུང་པ་གཞན་གྱི་ཁྲིམས་སྒྲིག་གཞིའི་སྐོར་ལའང་ཐུགས་སྣང་གནང་ཐུབ་ན་ལེགས་པའི་ཆ་རེད། དེ་ཚོའི་ཐོག་ལ་ཐུགས་སྣང་གནང་ཐུབ་དགོས་རྒྱུ་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན།
དེ་དང་མཉམ་དུ་ང་ཚོའི་བཀུར་འོས་སྤྱི་འཐུས་གསར་པ་གྲངས་ ༡༨ ཆགས་ཀྱི་ཡོད། ད་ལྟ་ཚོགས་དྲུང་ལས་ཁུངས་ནས་ཟབ་སྦྱོང་འབུལ་རྒྱུའི་ཐོག་གྲ་སྒྲིག་ཅིག་གནང་འདུག་པར་བརྟེན་བྱུང་བ་ཡིན་ན་ཕྱི་ཟླ་ ༡༢ ནང་ཞུ་དགོས་ཀྱི་འདུག གང་ཡིན་ཟེར་ན། དེའི་རྩིས་མཚམས་སམ་རོགས་དངུལ་དེ་བར་དུ་རེད་འདུག ང་ཚོས་ཐབས་ཤེས་ཤིག་ཞུ་རྒྱུ་ཡིན། གསར་པ་དེ་ཚོ་ཕེབས་ཐུབ་དགོས་རྒྱུ་དང་། དེ་བཞིན་རྙིང་པའི་ནང་དུ་ཕེབས་འདོད་ཡོད་པ་ཡིན་ན་ང་ཚོས་མཐུན་རྐྱེན་སྦྱར་རྒྱུའི་ཐབས་ཤེས་གཏང་རྒྱུ་ཡིན། ཕྱོགས་མཚུངས་ཕྱི་རྒྱལ་གྱི་སྤྱི་འཐུས་རྣམ་པ་ཡིན་ནའང་དུས་ཚོད་ཀྱི་དཀའ་ངལ་ཐོག་ནས་ཕེབས་མ་ཐུབ་པ་ཡིན་ན། ང་ཚོས་དྲ་རྒྱའི་ཐོག་ནས་མཉམ་ཞུགས་བྱེད་ཐུབ་རྒྱུའི་མཐུན་རྐྱེན་འདུག་དང་མི་འདུག་དེ་ཚོ་ཆ་ཚང་ང་ཚོས་ཞུ་རྒྱུ་ཡིན། དེ་རིང་གྲོས་ཚོགས་ཚོགས་དུས་ཉིན་གཉིས་རིང་སྐྱོང་བའི་སྐབས་སུ་སྐུ་ལས་སྐྱོན་མཁན་གཙོ་བོ་ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་ཆགས་ཀྱི་ཡོད། ད་ལྟའི་གྲོས་ཚོགས་འདི་ལྟ་བུ་ཡིན་ན་སྐུ་ལས་ཧ་ཅང་ཁག་པོ་བྱུང་སོང་། ཁོང་ཚོས་རེས་གཟའ་ཉི་མ་དང་སྤེན་པར་དགོང་མོ་ཆུ་ཚོད་ ༩་་་༡༠ བར་དུ་ལས་ཁུངས་སུ་བསྡད་ནས་ཕྱག་ལས་གནང་བ་རེད། ཁོང་རྣམ་པ་དང་ཕྱི་དྲིལ་ལས་ཁུངས་ཀྱི་སྒྲ་བརྙན་སྡེ་ཚན་ནས་གྲོས་ཚོགས་ཐད་གཏོང་གནང་རྒྱུ་མཚོན་པའི་ང་ཚོའི་ཁ་པར་དེ་ཚོ་ཚང་མ་ཁོང་རྣམ་པས་འགན་འཁུར་གྱི་ཡོད་པ་རེད། དེ་བཞིན་བདེ་སྲུང་ལས་ཁུངས་ནས་ཕྱི་ནས་མི་ཕེབས་མཁན་ཚོར་ཐུགས་སྣང་གནང་རྒྱུ་དེ་འདྲའི་འགན་ཁུར་ཡོད། འཕྲོད་བསྟེན་ལས་ཁུངས་ནས་ལག་པ་དུག་སེལ་བྱེད་རྒྱུ་དང་ཚ་བ་བརྟག་དཔྱད་གནང་རྒྱུའི་མཚོན་པའི་ཚང་མ་ཁོང་རྣམ་པས་འགན་འཁུར་ཡོད་སྟབས། དེ་རིང་གི་གོ་སྐབས་འདི་བརྒྱུད་ཚང་མར་གྲོས་ཚོགས་དང་ཚོགས་གཙོ་གཉིས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་དགོངས་བཞེད་ལྷུན་གྱི་གྲུབ་པ་དང་། བོད་དོན་བདེན་མཐའ་གསལ་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་རྗེས་གྲོས་ཚོགས་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་བཅས། །