༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་དྲ་ལམ་བརྒྱུད་ཕྱི་ལོ་ ༢༠༢༡ ལོའི་ཚན་རིག་དང་ཨང་རྩིས། ཁོར་ཡུག་བཅས་ཀྱི་འགྲེམས་སྟོན་ཐེངས་བཞི་པ་གོ་སྒྲིག་གནང་ཡོད།
དེ་ཡང་འགྲེམས་སྟོན་གྱི་དམིགས་ཡུལ་གཙོ་བོ་ནི། གསར་གཏོད་ཀྱི་རྣམ་པའི་ཐོག་ནས་བོད་རིགས་ན་གཞོན་སློབ་ཕྲུག་ཚོར་ཚན་རིག་དང་ཨང་རྩིས་ཐོག་དོ་སྣང་དང་གོ་རྟོགས་རྒྱ་སྐྱེད་ཡོང་ཐབས་སོགས་ཀྱི་སླད་ཡིན།
ཐེངས་འདིའི་འགྲེམས་སྟོན་ནང་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་བདུན་ནས་དགེ་རྒན་གྲངས་བཅོ་བརྒྱད་ཀྱི་ལམ་སྟོན་འོག་སློབ་མ་གྲངས་ ༧༤ ནས་འགྲེམས་སྟོན་གྲངས་ ༢༣ གྲ་སྒྲིག་གནང་སྟེ་ཕྱི་ལོ་ ༢༠༢༡ ཟླ་ ༨ ནང་ཤེས་རིག་ལས་ཁུངས་སུ་འབུལ་ལམ་ཞུས་ཡོད་པ་དང་། གཟུ་དཔང་གསུམ་གྱིས་འགྲེམས་སྟོན་རེ་རེ་བཞིན་རྟོག་ཞིབ་གནང་ནས་འགྲེམས་སྟོན་ཕུལ་བྱུང་བདུན་འདེམས་སྒྲུག་གནང་ཡོད་པ་དང་། འདེམས་སྒྲུག་གནང་བའི་འགྲེམས་སྟོན་ཕུལ་བྱུང་བདུན་འདི་ལོའི་ལོ་མཇུག་ཏུ་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་དང་ཉམས་ཞིབ་སྦྱོང་བརྡར་བསྟི་གནས་ཁང་ (NCERT) ཞེས་པས་གོ་སྒྲིག་གནང་བའི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ནཱེཧ་རུ་རྒྱལ་ཡོངས་ཚན་རྩིས་དང་ཁོར་ཡུག་གི་འགྲེམས་སྟོན་ཐེངས་ ༤༨ (JNNSMEE – 2021) ཐོག་འགྲེམས་སྟོན་གནང་གཏན་འཁེལ་ཡོད་པ་བཅས། །