༄༅། །རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Dr. Michael van Walt van Praag) མཆོག་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༤ ཉིན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་ཕ་རཱན་སིའི་རྒྱལ་ས་པེ་རེ་སིར་ཕེབས་འབྱོར་གྱིས་ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་སྐུ་ཚབ་དང་ཐུག་འཕྲད་གནང་ཡོད།
དེ་ཡང་ཕྱི་ཚེས་ ༥ ཉིན་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་ཕ་རཱན་སིའི་གསར་ཁང་ (asialyst.com) ཞེས་པའི་གསར་འགོད་པ་པེ་རེ་ཨན་ཊོ་ནེ་ (Pierre-Antoine Donnet) ལགས་དང་། ཕ་རཱན་སིའི་རླུང་འཕྲིན་ཁང་ (France Inter radio) ཞེས་པའི་གསར་འགོད་པ་ནཱ་ཐ་ནེལ་ཆར་བྷོན་ནེར་ (Nathanael Charbonnier) ལགས་རྣམ་གཉིས་ཀྱི་བཅར་འདྲི་དང་ལེན་གནང་སྟེ་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་ལ་ལྟ་སྟངས་སྐོར་གསུངས་ཡོད་པ་མ་ཟད། ཉིན་རྒྱབ་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་ཕ་རཱན་སིའི་གྲོས་ཚོགས་གོང་མའི་བོད་དོན་དྲིལ་བསྒྲགས་ཚན་པའི་ (Tibet Information Group ) འགན་འཛིན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇེཀ་ལིན་ (Jacqueline Eustache-Brinio) མཆོག་དང་། འགན་འཛིན་གཞོན་པ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨན་ནིག་བྷི་ལོན་ (Annick Billon) མཆོག་དང་མཇལ་འཕྲད་གནང་ཡོད། དགོང་དྲོ་ཕ་རན་སིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཨེ་ལི་ཛེ་བྷི་ཐི་ (Elisabeth Toutut-Picard) མཆོག་དང་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨི་སི་ནར་ཊི་ལའོ་རན་སི་ (Trastour Isnart Laurence) མཆོག་དང་མཇལ་འཕྲད་གནང་ཡོད།རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་གིས་དེ་སྔ་བོད་ཀྱི་གནས་བབ་ཅེས་པའི་དཔེ་དེབ་ཅིག་བརྩམས་ཡོད་པ་དང་། ཉེ་ཆར་ཁོང་གིས་བོད་ཀྱི་གནས་ཚུལ་གནད་བསྡུས་ (The Tibet Brief 20/20) ཞེས་པའི་དཔེ་དེབ་ཅིག་བརྩམས་ཡོད། སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་ད་ལྟའི་ཆར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལ་བོད་དོན་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་བཞིན་ཡོད། ཉེ་ཆར་ཁོང་གིས་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་། ཨ་རི། ཁེ་ན་ཌ། དེ་བཞིན་རྒྱལ་ཁབ་གཞན་ཁག་གི་གཞུང་རྣམས་ཀྱིས་རྒྱ་བོད་ཀྱི་གནད་དོན་གྲོས་མོལ་གྱི་ལམ་ནས་གསལ་ཐབས་ཡོང་བར་རྒྱབ་སྐྱོར་གནང་གི་ཡོད་ཀྱང་རྒྱལ་ཁབ་དེ་དག་གིས་བོད་ནི་རྒྱ་ནག་གི་ཆ་ཤས་རེད་ཅེས་རྗོད་བཞིན་པ་དེ་ནོར་འཁྲུལ་ཡིན་པ་གསུངས་ཡོད།གཞན་ཡང་ཁོང་གིས་སྔ་མོ་བོད་ཀྱི་ལོ་རྒྱུས་ནང་བོད་ནི་སྐབས་རེར་ཕྱིའི་སྟོབས་ཤུགས་ཀྱི་ཤུགས་རྐྱེན་འོག་ཚུད་མྱོང་ཡོད་ཀྱང་རྒྱ་ནག་གི་ཆ་ཤས་སུ་ནམ་ཡང་ཆགས་མྱོང་མེད་པ་གསལ་ཡོད་ལ། རྒྱ་ནག་གིས་ནམ་ཡང་བོད་ཀྱི་བདག་དབང་བཟུང་མྱོང་མེད། ཅེས་དང་།
རྒྱལ་སྤྱིའི་ཁྲིམས་ཐོག་ནས་ད་ལྟའི་ཆར་བོད་ནི་ཕྱིའི་དབང་བསྒྱུར་འོག་གནས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་གྲངས་ཉུང་མི་རིགས་ཞེས་ཐ་སྙད་བེད་སྤྱོད་བྱེད་བཞིན་ཡོད་པས་རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་ཁག་ནས་བོད་མི་རྣམས་མི་རིགས་ཡིན་པ་ལས་གྲངས་ཉུང་མི་རིགས་མ་རེད། ཅེས་བརྗོད་དགོས་པ་དང་། བོད་ནི་ཕྱིའི་རྒྱལ་ཁབ་ཀྱིས་དབང་བསྒྱུར་བྱས་པའི་ལུང་པ་ཞིག་ཡིན་ཞིང་། རྒྱལ་སྤྱིའི་ཁྲིམས་ལུགས་འོག་བོད་མི་རྣམས་མི་རིགས་ཡིན་པ་མ་ཟད་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཆ་ཚང་ཡོད་པ་སོགས་ཀྱི་སྐོར་གསུངས། སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་མཆོག་དང་ལྷན་པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ་རྣམ་རྒྱལ་བསམ་གྲུབ་ལགས་ལྷན་བཅར་གནང་ཡོད་པ་བཅས།།