༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༤ ནས་ ༡༦ བར་མེའོ་ཆོས་འཕེལ་གླིང་དང་། ཏེ་ཛུ་དར་རྒྱས་གླིང་། བྷན་ཌཱ་རཱ་ནོར་རྒྱས་གླིང་བཅས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གསུམ་དུ་འཕྲོད་བསྟེན་དང་འབྲེལ་བའི་རྒྱང་བཅོས་སྦྱོང་བརྡར་ལས་གཞི་ཞིག་སྤེལ་ཡོད།
དེ་ཡང་རྒྱང་བཅོས་སྦྱོང་བརྡར་ལས་གཞིའི་དབུ་འབྱེད་མཛད་སྒོར་མེའོ་ཆོས་འཕེལ་གླིང་གི་ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས་དང་། མེའོ་ཆོས་འཕེལ་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་གི་དྲུང་ཆེ་བསྟན་འཛིན་ལྷ་དབང་ལགས། དེ་བཞིན་ཏེ་ཛུ་དར་རྒྱས་གླིང་དང་བྷན་ཌཱ་རཱ་ནོར་རྒྱས་གླིང་གི་སྨན་ཞབས་པ་སོགས་ཕེབས་ཡོད།མེའོ་ཆོས་འཕེལ་གླིང་ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་རྒྱང་བཅོས་སྦྱོང་བརྡར་ལས་གཞི་དབུ་འབྱེད་གནང་ཡོད། ཉིན་དང་པོའི་སྦྱོང་བརྡར་སྐབས་མཉམ་ཞུགས་པ་ཡོངས་ལ་རྒྱང་བཅོས་དང་མཉེན་ཆས་བཀོལ་སྤྱོད་བྱེད་སྟངས་སྐོར་ངོ་སྤྲོད་གནང་ཡོད། ཉིན་གཉིས་པའི་སྦྱོང་བརྡར་སྐབས་མཉམ་ཞུགས་པ་ཡོངས་ལ་དངོས་སུ་སྨན་པར་བསྟེན་གཏུགས་ཞུ་སྟངས་དང་། ནད་པར་རྒྱང་བཅོས་བྱེད་སྟངས་སོགས་སྐོར་སྦྱོང་བརྡར་གནང་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་རྒྱང་བཅོས་སྦྱོང་བརྡར་ལས་གཞི་འདི་བརྒྱུད་ས་གནས་ཀྱི་ནད་པ་རྣམས་ལ་སྨན་བཅོས་ཀྱི་ཞབས་འདེགས་ཅུང་ཙམ་བསྒྲུབ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། རྒྱང་བཅོས་སྦྱོང་བརྡར་ལས་གཞིའི་འགྲོ་གྲོན་སླད་ཨ་རིའི་རོགས་ཚོགས་ (PRM) ཞེས་པས་མཐུན་འགྱུར་གནང་ཡོད་པ་བཅས།།
འཕྲོད་བསྟེན་ལས་ཁུངས་ནས་བོད་མིའི་རྒྱང་བཅོས་ཞབས་ཞུ་ལས་གཞི་སྤེལ་བ།
གསར་གནས།
འབྲེལ་གནས།