༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་དྲ་ལམ་བརྒྱུད་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་གནང་བ་དང་འབྲེལ་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ལ་སེམས་ཁམས་འཕྲོད་བསྟེན་སྐོར་གོ་རྟོགས་སྤེལ་ཡོད།
འདི་ལོའི་སེམས་ཁམས་འཕྲོད་བསྟེན་གྱི་བརྗོད་གཞི་གཙོ་བོ་ནི། ཏོག་དབྱིབས་གཉན་རིམས་ཀྱི་སྐབས་སེམས་ཁམས་བདེ་ཐང་གོང་མཐོར་གཏོང་དགོས་ཞེས་པ་དེ་ཡིན་ཞིང་། འཕྲོད་བསྟེན་ལས་ཁུངས་ནས་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་གནང་བ་དང་སྦྲགས་ཏོག་དབྱིབས་གཉན་རིམས་ཀྱི་སྐབས་འདིར་སེམས་ཁམས་འཕྲོད་བསྟེན་དང་། བློ་སྦྱོང་། སེམས་བཏང་སྙོམས་སུ་གནས་ཐབས་སོགས་ཀྱི་སྐོར་གཏམ་བཤད་ཀྱི་ལས་རིམ་གོ་སྒྲིག་གནང་ཡོད།སྨན་པ་ཁ་རོལ་ (Dr. Carol Weingarten) ལགས་དང་། སྨན་པ་ནི་ཝེ་ཌི་ཊ་ (Dr. Nivedita Chalill) ལགས། སྨན་པ་ཨ་བྷི་ཇི་ཐི་(Dr. Abhijit Nadkarni) ལགས། སྨན་པ་རྡོ་རྗེ་རབ་བརྟན་ལགས། སྨན་པ་ཊའོ་ནི་ཊི་ཌི་ཝེལ་ (Dr.Tawni Tidwell) ལགས། དགེ་བཤེས་རྡོ་རྗེ་དགྲ་འདུལ་བཅས་ཀྱིས་སེམས་ཁམས་འཕྲོད་བསྟེན་སྐོར་ལམ་སྟོན་གསུང་བཤད་གནང་ཡོད། འཕྲོད་བསྟེན་ལས་ཁུངས་དང་། ས་གནས་འགོ་འཛིན་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་བཅས་མཉམ་རུབ་ཀྱིས་རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་ཉིན་མོ་ཐེངས་དང་པོ་སྲུང་བརྩི་གནང་ཡོད།ལ་དྭགས་དང་། སྦེལ་ཀོབ། མེའོ། བདེ་སྐྱིད་གླིང་། མན་ཌི། ལ་ཁན་ཝ་ལ། ཀོ་ལི་གྷལ། སྦིར་བཅས་ཀྱི་བོད་མིའི་གཞིས་ཆགས་ཀྱི་སེར་སྐྱ་ཕོ་མོ་གྲངས་ ༢༦༧ ཙམ་གྱིས་ཐེངས་འདིའི་ལས་རིམ་ལ་མཉམ་ཞུགས་གནང་ཡོད། སེམས་ཁམས་འཕྲོད་ལས་པ་དང་། བོད་ཀྱི་གསོ་རིག་སྨན་པ། ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་སོགས་ནས་སེམས་ཁམས་འཕྲོད་བསྟེན་སྐོར་ལམ་སྟོན་གསུང་བཤད་དང་། ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་ཞབས་པ་དང་འཕྲོད་ལས་པ་རྣམ་པས་ལས་རིམ་གཙོ་སྐྱོང་གནང་ཡོད།
བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཅིག་གིས་ཡན་ལག་སྨན་རྩིས་ཁང་དང་ལྷན་དུ་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་གནང་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་སེམས་ཁམས་འཕྲོད་བསྟེན་གོང་མཐོར་གཏོང་རྒྱུའི་དམིགས་ཡུལ་གཙོ་བོ་འཛིན་བཞིན་ཡོད་སྟབས། འཕྲོད་བསྟེན་ལས་ཁུངས་ནས་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་གནང་བ་དེ་གོམ་པ་མདུན་སྤོ་ལྟ་བུ་ཆགས་ཡོད།
ཨ་རིའི་རོགས་ཚོགས་ (PRM) ནས་ཐེངས་འདིའི་འཛམ་གླིང་སེམས་ཁམས་འཕྲོད་བསྟེན་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་མཐུན་འགྱུར་གནང་ཡོད་པ་བཅས།།